book & film reviews

blogs

Enjoy a large variety of incisive and original opinions and analysis on Tibet’s political affairs, society, culture and arts.

book & film reviews

Original reviews of books, magazines, films and music relevant to Tibet’s struggle for independence.

cinema ’59

Discuss and organize screenings of films of freedom struggle and national liberation, and propose specific titles that inspire you.

news & events

Find out about past and forthcoming events, demonstrations, actions and conferences around the world.

videos & photos

Check the latest videos from a number of sharing websites and photos collections on Tibet’s struggle for independence.

སྒུལ་མ་ཕོད་པའི་ཕྱིར་དྲན།

avatarBy
Thursday, Jul 4, 2019
No Comment

requiem_poster

སྒུལ་མ་ཕོད་པའི་ཕྱིར་དྲན། ༼སྐྱོ་དབྱངས་མངར་མོ་༽ལ་ལྟས་པའི་མྱོང་ཚོར།

Unbearable memories, a review

བོད་མི་བཙན་བྱོལ་བ་འབོར་ཆེ་བ་དེ་ནི་ཐོག་མར་བོད་ལ་དུས་འགྱུར་བྱུང་རྗེས་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་རྗེས་སུ་དེད་དེ་ཡོང་མཁན་བོད་མི་བཙན་བྱོལ་བ་ཐོག་མའི་གྲས་དང་། དེའི་རྗེས་སྤྱི་ལོ་༡༩༩༠གོ་གྲངས་ནང་ནི་བོད་མི་བཙན་བྱོལ་བ་ཡོང་དུས་མང་ཤོས་གྱུར་ཡོད་པ་རེད། བཙན་བྱོལ་བ་མི་རབས་རྒན་པ་ཚོས་རང་རང་གི་མཐོང་ཐོས་མྱོང་གསུམ་གྱི་ཡིག་ཆ་དང་དཔེ་དེབ་གང་མང་འདོན་སྤེལ་དང་གསོག་སྒྲུབ་བྱས་ཡོད་ན་ཡང་། དེའི་རྗེས་སུ་བྲོས་བྱོལ་ལ་ཡོང་མཁན་མང་པོ་ཞིག་གིས་ལམ་བར་གྱི་ཉེན་ཁ་དང་དཀའ་སྡུག བཙན་བྱོལ་དུ་འབྱོར་རྗེས་ས་ངོ་མི་ངོ་མི་ཤེས་ས་ཞིག་ཏུ་ཕ་འཛོམས་མ་འཛོམས་ཡིན་ཡང་ལས་ཀྱིས་དྭ་ཕྲུག་ཅེས་པའི་འཚོ་བ་རོལ་དགོས་བྱུང་བ་སོགས་ནི་ད་ལྟའི་བར་དུ་ཡིག་ཆ་སྣ་འཛོམས་དང་དཔེ་ཆ་སྤུས་དག་མོ་ཞིག་སུ་ཞིག་གིས་འདོན་ཐུབ་མེད།

ང་ལ་མཚོན་ན་ལོ་ཟླ་དེ་དག་ནི་སྒུལ་མ་ཕོད་པའི་ཕྱིར་དྲན་ཡིན་ལ་དེ་མཚུངས་ཀྱིས་མི་མང་པོས་ཀྱང་རང་གི་མྱོང་བ་མཐའ་དག་གླེང་རིན་ཡོད་མེད་དང་གླེང་ན་འོས་མིན། གླེང་མ་ཕོད་པ་མིན་ཡང་ཕྱིར་དྲན་གྱི་ན་ཟུག་དེ་ཚོ་སྔོགས་ན་མ་འདོད་པ་བཅས་རྒྱུ་མཚན་དུ་མས་ད་ལྟའི་བར་ཕྱིས་སུ་བཙན་བྱོལ་དུ་འབྱོར་བའི་བོད་མི་ཚོའི་འཚོ་གནས་དང་སེམས་ཁམས་སོགས་མཚོན་པའི་ཡིག་ཆ་ཧ་ཅང་དཀོན། དེ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་ཀྱི་སྟོང་ཆ་ཆེན་པོ་ཞིག་ལ་བགྲངས་ན་ཡང་མ་འགྲིག་པ་མེད་པར་འདོད། ༼ སྐྱོ་དབྱངས་མངར་མོ་༽ ཞེས་པའི་གློག་བརྙན་འདི་ཡིས་བོད་མི་བཙན་བྱོལ་བར་གྱུར་བའི་མི་ལོ་དྲུག་ཅུའི་ནང་གི་སྟོང་ཆ་ཆེན་པོ་དེ་བཀང་འདུག་ལ། ང་ཚོ་མི་མང་པོ་ཞིག་གིས་སྒུལ་མ་ཕོད་པའི་ཕྱིར་དྲན་ཁྲོད་ཀྱི་སྐྱི་གཡའ་བའི་ནམ་ཟླ་དེ་ཡང་གླེང་འདུག

ཟླ་བ་གཅིག་ཙམ་གྱི་གོང་ལ་འདི་ཀ་རྒྱལ་ས་ཝ་ཤིན་ཀྲོན་གྱི་གློག་བརྙན་ཁང་ཆེན་པོ་ཞིག་ཏུ་༼སྐྱོ་དབྱངས་མངར་མོ་༽ཐེངས་གཉིས་ལ་གཟིགས་འབུལ་ཞུ་འཆར་ཡོད་པ་གོ་དུས་ནས་རེ་ལྟོས་ཆེན་པོ་བྱས་མྱོང་ཡང་། གློག་བརྙན་དངོས་སུ་སྟོན་སྐབས་དེར་རང་ཉིད་རྒྱལ་ཁབ་གཞན་ཞིག་ཏུ་བསྐྱོད་དགོས་བྱུང་བ་ཡིས་གློག་བརྙན་ཁང་གི་དཔར་གཞི་ཆེན་མོའི་ངོས་སུ་ལྟ་མ་ཐུབ་པ་དེ་བློ་འགྱོད་ཆེན་པོ་བྱུང་། དེའི་རྒྱུ་མཚན་ཡང་གློག་བརྙན་འདི་ང་ལྟ་བུའི་རི་བོ་རྐང་ཐང་གིས་བརྒལ་ཏེ་ཡོང་མཁན་ཚོའི་སྣང་བརྙན་གསོན་པོར་བཞེངས་པ་ཞིག་ཡིན་པ་སྔར་ནས་གོ་ཐོས་བྱུང་མྱོང་བས་ཡིན། སྟབས་ལེགས་པ་ཞིག་ལ་སྤྱི་ཟླ་ལྔ་བའི་ཚེས་༡༠་ཉིན་ཨ་མེ་རི་ཀའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་གློག་བརྙན་འདི་གཟིགས་འབུལ་ཞུས་པ་དང་དེར་ཆེད་བཅར་གྱིས་ལྟ་རྒྱུའི་བསྐལ་བ་བྱུང་སོང་ལ། ལོ་མང་པོར་སྒུལ་མ་ཕོད་པའི་ཕྱིར་དྲན་དང་ལོ་མང་པོར་གསོག་པའི་མིག་ཆུ་སོགས་ནི་གཡང་གཟར་ནས་ཆུ་བོ་བབ་པ་ལྟར་བྱུང་།

ང་ལ་མཚོན་ན་ད་ལོ་ནི་བཙན་བྱོལ་དུ་ཡོང་ནས་མི་ལོ་༢༠་འཁོར་བ་ཡིན་ལ། མི་ལོ་༢༠་ལ་དཀའ་སྡུག་དང་དྲན་གདུང་ཅི་ཙམ་གྱི་གསོག་ཡོད་པ་དེ་རང་ཉིད་ཁོ་ནས་དཔག་པ་ཞིག་ཡིན་ན་ཡང་། ངས་མི་ལོ་དུ་མར་བཙན་བྱོལ་གྱི་འཚོ་བ་དང་སེམས་ཁམས་རྨང་གཞི་བྱེད་པའི་དྲན་གདུང་དང་ཞེན་ཆགས་ཀྱིས་ཟིན་པའི་སྙན་ངག་བརྒྱ་ཕྲག་མང་པོ་བྲིས་པ་དེ་དག་བོད་ནང་གི་གཞོན་སྐྱེས་ཚོས་ཀློག་དུས། དུས་ནམ་ཡང་ཕྱི་ཡུལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོའི་ན་ཟུག་ལ་ངེས་ཤེས་ཟབ་མོ་སྐྱེས་བཞིན་འདུག་ཅེས་ཤོད་པ་དེ་ནི་ང་ལ་མཚོན་ན་སྙན་ངག་ནི་རང་གི་ཆེད་དུ་བྲིས་ཀྱང་དེ་ཡིས་ཁོར་ཡུག་དང་གནས་སྟངས་ཤིག་གི་དཔང་པོ་བྱ་ཐུབ་པར་སྤོབས་པ་སྐྱེས་བཞིན་འདུག

༼སྐྱོ་དབྱངས་མངར་མོའི་ནང་གི་ན་ཟུག་ལྔ།༽

༡ གློག་བརྙན་འདིའི་ཁྲོད་ཀྱི་མི་སྣ་གཙོ་བོ་ཐོག་མར་རྒྱ་གར་ལ་གཏོང་རྩིས་ཀྱི་ཕ་མའི་བར་གྱི་གྲོས་སྡུར་དང་ལམ་གླེང་དེ་དག་ལས་སྦྲ་ནག་ནང་གི་མེ་འོད་ཀློང་དུ་ཨ་མའི་མིག་ཆུ་དང་ཨ་ཕའི་སེམས་ཁུར་གྱི་རྣམ་པ་དེ་ཡིས་ང་ཚོས་ཤུལ་དུ་བཞག་པའི་ཕ་མ་སྤྱི་ཡི་རྣམ་པ་དང་འདྲ་ལ། ལྷག་པར་དུ་སྦྲ་སྒོ་ནས་མིག་མཆི་མས་བརླན་ཞིང་གདོང་ལ་སྐྱོ་སྣང་རི་རབ་འདྲ་ཞིག་ཁུར་བའི་ཨ་མའི་སྐྱེལ་མ་དེ་ནི་བཙན་བྱོལ་བ་ཞིག་ལ་མཚོན་ན་ཕྱིར་དྲན་བྱ་མི་ཕོད་པའི་ན་ཟུག་དང་པོ་དེ་རེད། གྲང་ངར་དང་བུ་ཡུག་ཆེ་བའི་གངས་ཀློང་དུ་ལྕི་ཞིང་འདེགས་དཀའ་བའི་གོམ་པ་རེ་རེ་འཇིག་སྣང་ཆེན་པོས་སྤོ་བཞིན་པ་སོགས་གློག་བརྙན་མགོ་འཛུགས་སྟངས་དེ་ཡིས་ང་ལ་མཚོན་ན་སྒོ་ཆེན་ལྕགས་ཀྱིས་བསྡམས་པའི་ཆུ་རག་ཅིག་ཤོར་བ་ལྟར་བརྙན་ངོས་ཀྱི་པར་གཞི་དང་པོ་ནས་ཕྱིར་དྲན་རེ་རེ་སྒྲོག་གུ་བརྟོལ་བརྟོལ་ལྟར་ཁ་ཕྱེ་ཞིང་། དེ་དང་འབྲེལ་བའི་མིག་ཆུ་ཡང་མཁུར་ཚོས་ནས་བྲང་གཞུང་ལ་འགྲིལ་མགོ་བཙུགས་སོང་།

༢ མི་སྣ་གཙོ་བོ་སྔར་ནས་བཙན་བྱོལ་གྱི་མི་ཚེ་ལ་གོམས་འདྲིས་བྱེད་ཟིན་པ་དང་། ཕ་ཡུལ་དང་ཕ་མ་ནི་དྲན་པ་དང་གཟུགས་པོ་གཉིས་ཀྱི་ཐོག་ནས་ཆེས་ཐག་རིང་དང་རབ་རིབ་ཏུ་འགྱུར་བཞིན་པའི་སྐབས་ཤིག་ལ་གློ་ཡུལ་ལས་འདས་པའི་ཕྱིར་དྲན་བྱེད་མགོ་བཙུགས་པ་དང་ཕྱིར་དྲན་གྱི་ལེའུ་རེ་རེ་ནི་ན་ཟུག་གཉིས་པ་དེ་རེད། གཞན་ཡུལ་དུ་ཁེར་རྐྱང་ངང་འཚོ་གནས་དང་དངོས་ཡོད་ལ་གདོང་ལེན་བྱེད་པའི་རྒྱུད་རིམ་དེ་དག་གིས་ང་རང་ཉིད་ཀྱི་མྱོང་བ་ཤོད་བཞིན་པ་ལྟ་བུའི་ཚོར་འདུ་དྲག་པོ་བྱུང་། ལྷག་པར་དུ་བཙན་བྱོལ་གྱི་མི་ཚེའི་ཁྲོད་དུ་ཉིན་རེ་རེའི་བྱ་བཞག་ཁྲོད་དུ་རང་གི་རྣམ་ཤེས་ཀྱི་གཏིང་ལ་སྤས་པའི་ཞེན་ཆགས་དང་སྐྱོ་བ་དེ་དག་ནི་ང་ཚོས་ནམ་རྒྱུན་སྣང་མེད་དང་སྤས་སྐུང་བྱེད་ཡོད་པ་ཡང་ཞོར་ནས་དྲན། འདི་ལྟའི་འུ་ཐུག་དང་སྙིང་རྗེའི་སྐྱབས་བཅོལ་བའི་སེམས་ཁམས་འདི་བརྙན་མིག་རྒྱུད་དེ་མི་རིགས་གཞན་པར་ཤོད་དུས་ཇི་འདྲའི་སྟོབས་ཤུགས་ལྡན་པ་ཞིག་རེད།

༣ རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་རྦ་རླབས་འཕྱུར་བ་ལྟར་བྱུང་ཏེ། མེ་དམར་པོའི་ནང་དུ་འབར་བཞིན་པའི་གཞིས་ལུས་བོད་མིའི་གནས་སྟངས་དེ་དག་བཙན་བྱོལ་བོད་པ་ཚོས་བརྙན་དང་པར་སོགས་སུ་མཐོང་སྐབས་དེར་དོ་སྣང་བྱེད་སྟངས་དང་དེར་སེམས་ཁུར་བྱེད་སྟངས་མ་འདྲ་བའི་རྣམ་འགྱུར་དེ་ནི་ན་ཟུག་གསུམ་པ་དེ་རེད་འདུག མི་སྣ་གཙོ་བོའི་རབ་རིབ་ཀྱི་དྲན་པའི་ངོགས་སུ་ཡོད་པའི་ཕ་ཡུལ་བོད་དུ་འཕྲོ་རིམ་འཕྲོར་རང་སྲེག་གནས་ཚུལ་བྱུང་དུས་བློ་འཚབ་དང་སེམས་ཁུར། ཅི་བྱ་གཏོལ་མེད་གྱུར་བའི་རྣམ་པ། ལྷིང་འཇགས་མིན་པའི་མཚན་མོ་རེ་རེར་བརྙན་དང་པར་དེ་ཚོར་ལྟས་ཏེ་མ་སྐྱིད་པ་དང་མ་བདེ་བར་གྱུར་སྐབས་འཁྲིས་ཀྱི་བོད་པའི་ན་གཞོན་ཁ་ཤས་མཚན་ཚོགས་དང་ཞབས་བྲོ་ལ་བྲེལ་ཡོད་པ་ཞོར་ནས་བསྟན་འདུག

༤ བོད་པ་ཚོ་རང་དབང་ལུང་བར་སླེབས་ཀྱང་ཕ་ཡུལ་བོད་དུ་ལུས་པའི་ནང་མི་དང་གཉེན་ཉེ་ཚོ་ནི་ད་དུང་ཡང་རང་དབང་ཡོངས་སུ་ཐོབ་ཐབས་མེད་པའི་འདོགས་ཐག་ལྟ་བུ་གྱུར་བ་དེ་ན་ཟུག་བཞི་བ་དེ་རེད། གློག་བརྙན་ནང་གི་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་ཚོར་རྒྱའི་གསང་བའི་ལས་ཁུངས་ཀྱི་བོད་པ་ལས་བྱེད་པ་ཚོས་སུན་བཙེར་དང་འཇིག་སྐུལ་བྱས་ཏེ་མ་འདོད་པའི་ལས་ཀ་བྱེད་པར་མངགས་བཀོད་བྱེད་བཞིན་པ་དང་། མཐར་དེའི་དོན་དུ་ཐ་ན་རང་གི་ཚེ་སྲོག་ལ་ཡང་ཉེན་ཁ་འཕྲད་པ། བོད་ལ་བློ་དཀར་ན་ནང་མིར་ཉེན་ཁར་གཏོད་པ་དང་རྒྱ་ལ་བློ་ལོག་ན་ཡང་ནང་མི་ཉེན་ཁར་གཏོད་པའི་ག་བྱེད་འདི་བྱེད་མེད་པའི་འགལ་འདུའི་སེམས་ཁམས་ཀྱི་རྣམ་པ་གསལ་སྟོན་བྱེད་འདུག

༥ བཙན་བྱོལ་བས་མ་ཤི་གསོན་བྲལ་དང་ཡང་ན་ཤི་གསོན་ཁ་ངོ་མ་ཐུག་པར་འདུ་བྲལ་གྱི་དྲན་གདུང་རུམ་གང་ཁྱེར་ཡོད་པ་འདི་ན་ཟུག་ལྔ་བ་རེད། བོད་མི་བཙན་བྱོལ་བ་ཧ་ཅང་མང་པོ་ཞིག་ལ་མཚོན་ན། ཕ་ཡུལ་དང་ཁ་བྲལ་བ་ནས་བསྐྱར་དུ་ཕ་ཡུལ་ལ་ལོག་ཐུབ་མེད་པ་དང་། ཕ་མ་སྤུན་མཆེད། གཉེན་ཉེ་དང་ངོ་ཤེས་སོགས་རེ་རེ་བཞིན་ཕྱི་མར་འགྲིམས་པའི་བརྡ་ལན་འབྱོར་རྒྱུ་ནི་རྒྱུན་ལྡན་ཞིག་ཡིན། མཚམས་རེར་ཕན་ཚུན་འབྲེལ་བ་བྱེད་གཞི་མེད་པ་ནི་གནས་ཚུལ་སྡུག་ཤོས་དེ་མིན་པར། འབྲེལ་བ་བྱེད་ཐེངས་རེ་ལ་སྙིང་ཉེ་བའི་མི་རེ་རེ་ཕྱི་མར་འགྲིམས་སོང་བའི་བརྡ་ལན་གོ་དུས་ནི་གཞི་ནས་འཇིག་རྟེན་འདིའི་ཆེས་མུན་ནག་གི་དུས་ཚོད་ཡིན། གཞན་ཡང་ཕ་ཡུལ་དང་ཕ་མ། སྤུན་མཆེད། ཚ་བོ་ཚ་མོ། གྲོགས་དང་གྲོགས་མོ། སློབ་གྲོགས་སོགས་ཀྱི་འཚོ་བ་དང་མི་ཚེ་ཡི་འགྱུར་ལྡོག་སོགས་ནི་ང་ཚོས་ནམ་ཡང་མཐོང་ཐབས་རག་ཐབས་མེད་པ་ཞིག་ཡིན། གློག་བརྙན་འདིའི་ནང་གི་མི་སྣ་གཙོ་བོས་ཀྱང་ཐ་ན་ཨ་མ་ལགས་བདེ་འཚམས་ཡིན་མིན་གྱི་ཁ་པར་ཞིག་འཕྲོད་ཐབས་བྱ་རྒྱུ་ལ་ཡང་ནམ་ལོ་ཟླ་མང་པོར་འགོར་དགོས་པ་ལྟ་བུས་མཚོན་འདུག

གློག་བརྙན་སྤྱིའི་སྒྲོམ་གཞི།

༼སྐྱོ་དབྱངས་མངར་མོ་༽་ནི་བཙན་བྱོལ་གྱི་གློག་བརྙན་བཟོ་བསྐྲུན་པ་བསྟན་འཛིན་བསོད་ནམས་དང་རཱེ་ཏུ་སཱ་རེན་བཟའ་ཚོས་བཟོས་པའི་གཏམ་རྒྱུད་གློག་བརྙན་ཞིག་རེད་ལ། བཙན་བྱོལ་བོད་ཀྱི་གཞོན་ནུ་མ་ཞིག་གི་ཕྱིར་དྲན་སྔོགས་པའི་རྒྱུད་རིམ་ལས་བཙན་བྱོལ་ལ་ཡོང་དུས་ཀྱི་དཀའ་སྡུག་དང་ཉེན་ཁ། གཞན་ཡང་བཙན་བྱོལ་དུ་འབྱོར་རྗེས་ཀྱི་འཚོ་བ་དང་སེམས་ཁམས་སྟོན་ཐབས་བྱེད་འདུག

གཏམ་རྒྱུད་གློག་བརྙན་འདིའི་ཁྲོད་ཀྱི་མི་སྣ་གཙོ་བོ་ནི་སྒྲོལ་དཀར་ཞེས་པའི་བུ་མོ་ལོ་ན་༢༦་ཅན་ཞིག་སྟེ། ཆུང་དུས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་རྗེས་བཙན་བྱོལ་དུ་རང་གི་འཚོ་གནས་དང་སློབ་གཉེར་བྱེད་བཞིན་པའི་སྐབས་སུ། ཉིན་ཞིག་གློ་བུར་དུ་རང་ཉིད་པ་ལགས་དང་མཉམ་དུ་བཙན་བྱོལ་ལ་ཡོང་དུས་སུ་ལམ་བར་ནས་རོགས་པ་བྱས་མྱོང་མཁན་གྱི་ལམ་པ་མགོན་པོ་མཐོང་རྗེས་སུ་སྒྲོལ་དཀར་ལགས་ཀྱིས་རང་ཉིད་ལོ་ན་བཞི་ལྔ་ཙམ་ལས་སོན་མེད་པའི་སྐབས་དེར། རི་ཆུ་བྲག་གསུམ་རྐང་ཐང་གིས་བརྒལ་སྐབས་འཁྱག་ལྟོག་དང་ངལ་བས་མནན་པའི་ཐོག་ལ་ད་དུང་ས་མཚམས་སྲུང་དམག་གི་མེ་མདའི་ཁ་ནས་ཨ་ཕ་གཙོས་པའི་ལམ་གྲོགས་ཚོའི་ཚེ་སྲོག་ཤོར་བ་སོགས་རེ་རེ་བཞིན་ད་ལྟའི་ཚོ་བའི་ནང་ནས་ཕྱིར་དྲན་བྱུང་བ་རྣམས་དུམ་བུ་དུམ་བུ་བྱེད་དེ་སྟོན་ཐབས་བྱེད་འདུག
གློག་བརྙན་འདིའི་རྒྱབ་ལྗོངས་ལ་ལོ་དུས་མ་འདྲ་བ་གཉིས་ཡོད་པ་ལས་སྒྲོལ་དཀར་ལགས་མོ་ལོ་༢༦་ཡིན་པའི་ད་ལྟའི་དུས་ཚོད་དང་སྒྲོལ་དཀར་ལགས་ཀྱི་ཕྱིར་དྲན་ཁྲོད་ཀྱི་རང་ཉིད་ལོ་ན་བཞི་ལྔ་ཡིན་དུས་གཉིས་རེད།
དེ་བཞིན་གློག་བརྙན་འདིའི་ཡུལ་ལྗོངས་ཀྱང་མ་འདྲ་བ་གཉིས་ཏེ་སྒྲོལ་དཀར་ལགས་ད་ལྟ་འཚོ་གནས་བྱེད་སའི་རྒྱ་གར་རྒྱལ་ས་ལྡི་ལི་གསར་བ་དང་དེ་དང་འབྲེལ་བའི་བོད་མིའི་གཞིས་སྒར་མ་ཇོན་ཌི་ལའི་བོད་མི་འདུས་སྡོད་ཀྱིས་འཚོ་གནས་བྱེད་ས། ཡང་བོད་མི་ཚོ་བཙན་བྱོལ་ལ་ཡོང་དུས་ཀྱི་ཤར་གངས་པོའི་རི་རྒྱུད་བཅས་ཡུལ་ལྗོངས་གཉིས་མཚོན་ཐབས་སུ་བཀོད་འདུག

མཐའ་སྡོམ།

བསྟན་འཛིན་བསོད་ནམས་ལགས་ནི་བཙན་བྱོལ་གྱི་དབྱིན་ཡིག་ནང་འཁྲབ་གཞུང་འབྲི་མཁན་གཟེངས་སུ་ཐོན་པ་ཞིག་ཡིན་པ་ངོས་ལེན་བྱ་དགོས་བྱུང་ལ། ཁོང་བཟའ་ཚོ་གཉིས་ཀྱིས་རང་གི་རྣམ་དཔྱོད་དང་ཐབས་ལམ་སྤྱད་དེ་བོད་མིའི་གནས་སྟངས་ཤོད་བཞིན་པར་ངས་འདི་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གཞན་ཡང་༼སྐྱོ་དབྱངས་མངར་མོ།༽ཞེས་པའི་གློག་བརྙན་འཁྲབ་གཞུང་འདི་ནི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་དང་རྟོགས་བཟོའི་སྣང་ཚུལ་ལྡན་པའི་བརྩམས་སྒྲུང་རིགས་ཡིན་པ་སྟེ། དེའི་ས་བོན་ནི་ལོ་རབས་དགུ་བཅུའི་ནང་ལ་བཙན་བྱོལ་དུ་ཡོང་བའི་བོད་པ་ཚོའི་དངོས་བྱུང་མྱོང་བ་བྱས་འདུག དེའི་ཐོག་ལ་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་དང་དོན་རྐྱེན་ཁག་རྟོགས་བཟོ་བྱས་ཏེ་དུས་དང་ཡུལ་གཉིས་ཀྱི་སྣོལ་འཚམས་དང་བར་སྟོང་ཆེ་བ། མཇུག་ནས་ཡར་ལྡོག་པ་དང་བར་ནས་མཇུག་ཏུ་མཆོངས་པ་བཅས་སྒྱུ་འཕྲུལ་རིང་ལུགས་ཀྱི་གཏམ་རྒྱུད་ཤོད་ཐབས་སྤྱད་འདུག

གློག་བརྙན་འདི་བཙན་བྱོལ་བོད་མིའི་ལོ་རྒྱུས་ལ་གལ་ཆེ་བའི་ལེའུ་ཞིག་ཡིན་པ་དང་མི་མང་པོས་དངོས་སུ་མྱངས་ཡོད་པས་དོན་དག་གལ་ཆེན་ལ་མ་རྩིས་པར་སྣང་མེད་ཤོར་བའི་སྟོང་ཆ་ཞིག་ཀྱང་རེད་འདོད། དེ་བཞིན་ཕྱི་རུ་སྐྱེས་པའི་བོད་པ་ཚོས་ཀྱང་ཕ་ཡུལ་དང་ཕ་མ། གཉེན་ཉེ་སོགས་ལ་ཁ་བྲལ་བའི་བཙན་བྱོལ་བ་ཚོ་ཉིན་དཀར་མི་ལྟར་ངོ་འཛུམ་འཛུམ་ངང་འགྲོ་བཞིན་ཡོད་ཀྱང་མཚན་མོའི་རྨི་ལམ་ཚུན་ཆད་ལ་ཡང་སེམས་ནང་དུ་ཞེན་ཆགས་དང་དྲན་གདུང་ཅི་ཙམ་རུམ་ཡོད་པ། ལྷག་པར་དུ་རྒྱུ་རྐྱེན་སྣ་མང་གི་འོག་ཏུ་ཚེ་སྲོག་འབེན་ལ་བཞག་ཏེ་བཙན་བྱོལ་དུ་ཡོང་བའི་ཉེན་ཁ་དང་དཀའ་སྡུག་དེ་དག་སྣང་མེད་གཏོང་མི་རུང་བའི་གསལ་བརྡ་གཏོང་བྱེད་ཅིག་ཀྱང་རེད་འདུག དེ་ལས་ཀྱང་ང་ལྟ་བུའི་དཀའ་སྡུག་དེ་དག་དངོས་མྱོང་གི་མི་ཚོས་ཀྱང་རང་ཉིད་གང་ནས་ཡོང་བའི་རྩ་བ་ལ་དྲན་སྐུལ་གཏོང་བྱེད་ཅིག་རེད། ཡང་གློག་བརྙན་འདི་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་སུ་གཟིགས་འབུལ་ཞུ་ཐུབ་པའི་རེ་བ་ཡོད་ལ། གློག་བརྙན་ལ་ལྟ་རུ་བསྐྱོད་དུས་མིག་ཆུ་འཕྱི་བྱེད་ཀྱི་གཙང་ཤོག་གང་མང་གྲ་སྒྲིག་གནང་ཏེ་ཕེབས་རོགས།

Bookmark and Share

Leave a comment!

You must be logged in to post a comment.