ང་ཡང་ཡང་འབར་འདོད།
loading...
— རང་སྲོག་མེ་མཆོད་ལ་སྒྲོན་པའི་དཔའ་བོ་དཔའ་མོ་དག་གི་ཚབ་ཏུ།
གཟུངས་ཕྱུག་སྐྱིད།
བདག་གི་རྩྭ་ཐང་ད་དུང་ལྗང་མདོག་ཡིན་ནམ།
བདག་གི་མཚོ་མོ་ད་དུང་དྭངས་གཙང་ཡིན་ནམ།
བདག་གི་རི་ཆུར་ད་དུང་དབྱངས་རྟ་ཡོད་དམ།
ལྷ་ཆེན་གྱི་སྤྱན་ཟུང་ཡ།
ཁྱེད་ཀྱིས་གཟིགས་ཨེ་བྱུང་།
འཇིག་རྟེན་སྟེང་གི་ཁྲག་གི་འགུལ་སྐྱོད་ཡོད་ཚད།
འདི་ལྟར་ཚ་དྲོད་ཀྱིས་འབར་ཞིང་ཚ་དྲོད་ཀྱི་སྒུལ་ནུས་ན།
བདག་གི་རུས་རྐང་གི་ཟུངས་ཁྲག་འདི་སུ་ཡིས་འཇིབ་ཀྱིན་འདུག
བདག་གི་བྲང་གཞུང་གི་ཁྲག་རིས་དེ་སུ་ཡིས་གསུབ་ཀྱིན་འདུག
མིག་གིས་མཐོང་ས་ནས།
ཡབ་མེས་ཀྱི་དུར་ས་སུ་ཡིས་སྔོག་སོང་།
རྣ་བས་ཐོས་ས་ནས
ཡུམ་སྐད་ཀྱི་བླ་སྲོག་སུ་ཡིས་བཅད་སོང་།
བདག་གིས་ཇི་ལྟར་བཟོད་དམ།
ཤ་གཟུགས་ཀྱི་ལུས་པོ་འདི་སེམས་ཀྱིས་ཐེག་གྱིན་མི་འདུག
ན་ཟུག་གི་རྨ་ཁ་འདི་ཚོར་བས་ཁྱོག་གྱིན་མི་འདུག
ངོ་མ་ང་ལ་འདི་ལྟར་གནར་གཅོད་གཏོང་དོན་ཅི།
ཁ་སང་། རྨི་ལམ་ཁྲོད་བདག་གི་ཕ་གཞིས་ཇག་དམག་གི་གཏོར་སོང་།
དེ་རིང་། མཐོང་སྣང་ནས་བདག་གི་མ་ཡུམ་གཅེར་བུར་ཕུད་སོང་།
སང་ཉིན། མངོན་སུམ་འཛེམས་མེད་ཀྱིས།
བདག་གི་བུ་ཕྲུག་གི་ཀླད་རུས་དབྱིངས་སུ་གཏོར་ངེས་པས།
བདག་གིས་དངོས་ནས་བཟོད་ཀྱིན་མི་འདུག
བདག་གི་འདུ་ཤེས་ལས་གྲུབ་པའི་ནང་སེམས་ཀྱི་ཚོར་བ་འདི།
བདག་གི་རྨི་ལམ་ལས་རྙེད་པའི་མི་ཚེའི་ལམ་བུ་འདི།
འདི་ལྟར་ཕངས་མེད་དུ་འབར་འདོད།
མར་མེ་ལྟ་བུའི་རླབས་ཆེན་གྱི་འོད་སྣང་ཞིག་སེམས་ཀྱིས་སྦར་ཏེ།
རང་ལུས་རྐོང་བུ་གང་བོ་འདི་ལྟར་ཕངས་མེད་དུ་སྒྲོན་འདོད།
ངའི་སེམས་ཁོང་ནས་གཏན་དུ་ཡལ་མི་སྲིད་པའི་ཕུ་ནུ་མིང་སྲིང་ཚོ།
ངའི་དད་འདུན་ཁྲོད་ཡིད་ཆེས་ཀྱིས་འབར་བའི་ལྷ་དང་ལྷ་མོའི་ཚོགས།
ད་དུང་ངའི་སྙིང་དབུས་ན་བརྟན་བརླིང་གིས་འགྱིང་བའི་རི་ཆུའི་རྔམ་བརྗིད་ཡ།
ཡོད་ཚད་བདག་གི་རྣམ་ཤེས་ཀྱིས་མཐོ་རུ་འདེགས་བཞིན་བུད་འགྲོ
ཡོད་ཚད་བདག་གིས་འདུན་པ་ཡིས་རིང་བོར་བསྲིངས་བཞིན་བུད་འགྲོ
ད་ནས་བཟུང་། མེ་མདའ་ཁྲི་ཕྲག་གི་མདེའུ་ཆར་རྣོན་པོ་ང་ཁོ་ནར་གཏོད་རོགས།
གནར་གཅོད་ཚད་མེད་ཀྱི་རྡུང་རྡེག་ཡོད་ཚད་ང་ཁོ་ནར་གཏོང་རོགས།
ད་དུང་བཙན་དབང་དང་བཀའ་བརྒྱ་ཡོད་ཚད་ང་ཁོ་ནར་འཇོག་རོགས།
རྒྱུ་མཚན།
བདག་གིས་རང་ཉིད་ལ་མངའ་བའི་ཚེ་སྲོག་གི་རིན་ཐང་དུས་གཏན་དུ་ཁྱེད་ལ་ཕུལ་ཡོད།
བདག་གིས་རང་ཉིད་ཀྱིས་བསྒྲུབས་ནུས་པའི་འོས་འགན་ཞིག་ཁྱེད་ལ་མཐོ་རུ་བཏེགས་ཡོད།
ད་ནས་བཟུང་། ངའི་རིགས་བརྒྱུད་ཀྱི་ལྗང་མདོགས་ལ་གཅེས་སྤྲས་གནང་རོགས།
ངའི་དྭངས་གཙང་གི་ཁོར་ཡུག་ལ་བདག་ཉར་བགྱིས་རོགས།
ངའི་ཡུམ་སྐད་ཀྱི་བླ་སྲོག་ལ་མཐོང་ཆེན་གནང་རོགས།
ད་དུང་ངའི་གཉོམ་དུང་དུང་གི་སྤུན་ཟླ་ཡོད་ཚད་ལ་རང་དབང་སྤྲོད་རོགས།
འདི་ནི་ངའི་ཁྲག་གིས་བྲིས་པའི་ཁ་ཆེམས་ཀྱི་ཡིག་འབྲུ་ཡིན།
འདི་ནི་ང་རང་གཏན་དུ་འབར་དགོས་པའི་དགོས་དབང་དང་དམིགས་འདུན་ཡིན་པས།
ཅིས་ཀྱང་བསྒྲིབས་རོགས་ཀྱེ།
དད་འདུན་གྱི་ཀློང་ན་བཞུགས་པའི་ལྷ་དབང་གི་ནུས་མཐུ་ཡོད་ཚད་ཡ།
བདེ་སྡུག་གི་ཡུལ་ན་འཚོ་བའི་མིའི་རིགས་ཀྱི་འདུ་ཤེས་ཡོད་ཚད་ཡ།
བདག་གི་ཁ་སང་གི་འདས་དོན་ལ་གདུང་སེམས་བསྐྱེད་དང་།
བདག་གི་དེ་རིང་གི་ངོ་གདོང་ལ་བདེན་དཔང་གནོངས་དང་།
བདག་གི་སང་ཉིན་གྱི་ཁྱིམ་གཞིས་ལ་ཐུགས་ཁུར་བཞེས་དང་།
ང་རང་འདི་ལྟར་འོད་ཀྱི་ལམ་བུ་ནས་བདེན་དབང་གི་བགྲོད་བཞིན་ཡོད།
ང་རང་འདི་ལྟར་དོན་དངོས་ཀྱི་ངོ་གདོང་ན་སྐྱོ་ངལ་གྱིས་འབར་བཞིན་ཡོད།
ངུ་ངག་དང་གྱེས་གདུང་གིས་འཚོ་བའི་ཕུ་ནུ་མིང་སྲིང་ཚོ།
རང་དབང་དང་ཞི་བདེར་ཞོགས་པའི་འཛམ་གླིང་མི་མང་ཚོ།
ད་དུང་གཉའ་གནོན་དང་རྡུང་རྡེག་ལ་གོམས་པའི་དྲག་པོའི་སྲིད་གཞུང་ཡ།
བདག་ལ་དགོས་པ་དུས་གཏན་གྱི་ཞི་བདེ་དང་དགའ་འབོད་ཡིན།
བདག་གིས་འཚོལ་བ་འདྲ་མཉམ་དང་དོ་ཁུར་གྱི་འཚོ་གནས་ཡིན།
དགོས་འདུན་འདི་མ་ཚིམ་བར་དུ།
ང་འདི་ལྟར་ཡང་ཡང་འབར་ན་འདོད།
༢༠༡༢ལོའི་ཟླ་༢པའི་ཚེས་༢ཉིན།
Popularity: 7%