blogs

blogs

Enjoy a large variety of incisive and original opinions and analysis on Tibet’s political affairs, society, culture and arts.

book & film reviews

Original reviews of books, magazines, films and music relevant to Tibet’s struggle for independence.

cinema ’59

Discuss and organize screenings of films of freedom struggle and national liberation, and propose specific titles that inspire you.

news & events

Find out about past and forthcoming events, demonstrations, actions and conferences around the world.

videos & photos

Check the latest videos from a number of sharing websites and photos collections on Tibet’s struggle for independence.

བོད་གཞུང་ ཐ་སྙད་ཅིག་མ་རེད།

avatarBy
Tuesday, Jun 7, 2011
4 Comments

དེ་རིང་བོད་ཀྱི་དྲ་བརྙན་བརྒྱུད་ནས་ བཀའ་བློན་ཁྲི་པ་མཆོག་གིས་ “བོད་གཞུང་”དང་འབྲེལ་བའི་གསལ་བཤད་གནང་བ་དེར་ཉན་པ་ཡིན། ཁོང་གིས་ ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་རིམ་པ་དེ་གཙོ་བོར་༧གོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་ལ་དམིགས་ཡོད་ཅེས་གསུངས་ནས། “བོད་གཞུང་”དེ་ “བོད་མིའི་སྒྲིག་འཛུགས་”ཞེས་བསྒྱུར་བ་ནི་ཞོར་འཕྲོས་སུ་སོང་བ་ཡིན་པ་ལྟ་བུ་ཞིག་གསུངས་སོང་། དེ་ཡང་། བོད་མི་དམངས་ལ་འདོད་པ་མེད་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱིས་བསྐྱར་བཅོས་བྱེད་ཆོག་གི་རེད་ཅེས་གསུངས་སོང་།

ལྷག་པར་དུ། ཐེངས་འདིའི་འགྱུར་བ་དེ། ཐ་སྙད་ཙམ་ཞིག་གི་འགྱུར་བ་ཡིན་པ་མ་གཏོགས་དོན་གྱི་ཆ་ནས་དམངས་གཙོའི་ཀ་བ་གསུམ་འཛོམས་ཀྱི་གཞུང་ཞིག་མུ་མཐུད་ནས་གནས་ཡོད་པ་དང་། མུ་མཐུད་པའི་གཞུང་དེ་ཡང་ ལོ་ངོ་ ༣༠༠ ལྷག་ལ་རྒྱུན་མ་ཆད་པའི་གཞུང་དེ་ཡིན་ཞེས་གསུངས་སོང་།
ད་ “བོད་གཞུང་”ཞེས་པའི་ཐ་སྙད་འདི་བསྒྱུར་དགོས་པའི་རྒྱུ་མཚན་དེ་ཐད། མ་རེད་སྐོར་གཅིག་གསུངས་པའི་ཁྲོད།
༡. ༧རྒྱལ་བ་རིན་པོ་ཆེས་བཀའ་གནང་ནས་བསྒྱུར་བ་མ་རེད།
༢. རྒྱ་ནག་གི་གནོན་ཤུགས་འོག་ནས་བསྒྱུར་བ་མ་རེད།
༣. རྒྱ་གར་གྱི་གནོན་ཤུགས་འོག་ནས་བསྒྱུར་བ་མ་རེད།
༤. བོད་མིའི་གནོན་ཤུགས་འོག་ནས་བསྒྱུར་བ་མ་རེད།
ད་བསྒྱུར་དགོས་པའི་རྒྱུ་མཚན་ཐད།
༡. སིམ་ལ་ན་ཁ་མཆུ་ཞིག་འགྲོ་བཞིན་པ་རེད། ༼ཁ་མཆུ་གང་འདྲ་ཡིན་ངས་མ་ཤེས།༽
༢. རྒྱ་གར་ལྷོ་ཕྱོགས་ན་ཉིན་རེ་བཞིན་ཚགས་པར་སོགས་ལ་གནས་ཚུལ་ཐོན་བཞིན་ཡོད། ༼དོལ་རྒྱལ་དང་འབྲེལ་བའི་གནས་ཚུལ་དག་ཡིན་ནམ་ཡང་ན་གཞན་ཞིག་ཡིན།༽
༣. འཇར་མཱན་གྱི་ཚོགས་པ་ friedrich naumann foundation ཟེར་བས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ལ་རོགས་དངུལ་ ཉུང་དུ་ཕྱིན་པ། ༼འདི་ཡང་ བོད་གཞུང་ཞེས་པའི་ཐ་སྙད་སྤྱད་པ་ལ་བརྟེན་ནས་ཡིན་ནམ། དེ་འདྲ་ཞིག་ངས་གོ་བྱུང་།༽
༤. མ་འོངས་པ་ལ་མིང་ཙམ་ལ་བསྙད་ནས་ དཀའ་ངལ་འབྱུང་སྲིད་པ། ༼འདི་ནི་ད་ལྟ་མེད་པའི་དཀའ་ངལ་ཞིག་རེད།༽
༥. བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་གར་དུ་བོད་མིའི་སྒྲིག་འཛུགས་གནས་དགོས་པ།
བཅས་གསུངས་སོང་།

ད་དགོངས་ཚུལ་ཞིག་གསུངས་དང་། བསྒྱུར་དགོས་པའི་རྒྱུ་མཚན་དང་བསྒྱུར་མི་དགོས་པའི་རྒྱུ་མཚན་གཉིས་བསྡུར་ན། བསྒྱུར་དགོས་དོན་ཁྱོན་ནས་མེད་པ་འདྲ་ཞིག་མི་འདུག་གམ། དགོས་དོན་མེད་པ་ཞིག་བསྒྱུར་བ་ལ་བརྟེན་ནས། “བོད་དོན་ལ་”མི་ཚེ་བཏང་བའི་མི་ཞིག་ངུ་གི་འདུག “ང་ནི་སྐྱིད་པོ་ཁྱོན་ནས་མི་འདུག”ཟེར་མཁན་གྱི་བོད་མི་ཧ་ཅང་མང་པོ་འདུག “ད་རྡ་རམ་ས་ལ་རེ་བ་རྒྱག་རྒྱུ་ལྷག་ཡོད་མ་རེད། དེ་ལས་བོད་ནང་གི་བོད་པ་དང་གཞོན་སྐྱེས་ཚོ་རུབ་རུབ་བྱས་ཏེ་ལས་འགུལ་ཞིག་རྩོམ་དགོས་འདུག”ཅེས་གསུངས་མཁན་འདུག
འདི་ནི་དགའ་མི་དགའི་རྩོད་པ་ཞིག་མ་རེད་ལ། ཐ་སྙད་ཅིག་འགྲིག་མི་འགྲིག་གི་རྩོད་པ་ཡང་མ་རེད། འདི་ནི་གཞུང་ཞེས་མི་མང་གིས་རེ་བ་བཅོལ་ས་ཞིག་ སྒྲིག་འཛུགས་སུ་གྱུར་པའི་གནད་དོན་དེ་རེད། གཞུང་དེ་ཡང་བཀའ་བློན་ཁྲི་པ་མཆོག་གིས་གསུངས་པ་ཇི་བཞིན། ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་གཞུང་ཞིག་རེད། ད་ང་ཚོར་ “བོད་གཞུང་”ཟེར་བའི་ཐ་སྙད་འདི་སྦྱོར་ས་ཞིག་ས་སྟེང་འདི་ནས་མེད་སོང་བ་རེད།

ངས་ རང་གི་སྐྱེས་ཡིག་དང་གཉེན་སྒྲིག་གི་ཡི་གེ་ལ་བལྟས་པ་ཡིན། ལས་ཤོག་གཡོན་ཐད་ན། དབྱིན་ཡིག་ཏུ། Department of Home Affairs, Central Tibetan Secretariat of His Holiness the Dalai Lama ཞེས་འཁོད་འདུག དེའི་གཡས་ངོས་ཀྱི་ཐོད་དུ་ “བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་”ཞེས་འཁོད་པའི་གངས་སེང་གི་ལས་ཐམ་དེ་འདུག དེའི་གཤམ་ན་ཡང་བསྐྱར་གངས་སེང་གི་ཐེལ་དང་ བདེ་དོན་ལས་ཁུངས་ཀྱི་མཚན་རྟགས་བཀོད་འདུག ཡིག་ཆ་འདི་འདྲ་ད་ཡང་བསྐྱར་ཡོང་རྒྱུ་ཡོད་དམ།
ངས་ ད་བར་དུ་ སྐྱེས་ཡིག་དང་གཉེན་སྒྲིག་གི་ཡི་གེ་དགོས་ ཞེས་བརྗོད་མཁན་ཡོངས་རྫོགས་ལ་ཡི་གེ་འདི་སྤྲད་པ་ཡིན། དྲི་བ་གཅིག་ཀྱང་མེད་པར་ངོས་ལེན་བྱེད་རྐྱང་བྱས་སོང་། ངའི་སྐྱེས་ཡིག་གིས་སྐྱེས་ཡིག་གི་གོ་ཆོད་པ་རེད། ངའི་གཞུང་དེ་གཞུང་འབྲེལ་གྱིས་ངོས་ལེན་བྱེད་མཁན་མེད་པ་བདེན་མོད། ངས་རང་གི་གཞུང་གིས་གནང་བའི་ཡིག་ཆ་འཁྱེར་ནས་ ང་འཛམ་གླིང་དུ་བོད་མི་ཞིག་ཡིན་པའི་ར་སྤྲོད་བྱེད་ཐུབ་ལ། ངའི་གཉེན་སྒྲིག་གི་དཔང་རྟགས་ཀྱང་དེས་ཐུབ།

ད་དུང་“བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་”ཞེས་པའི་གཞུང་འདི་ ཉེ་ཆར་ཡིག་ཐོག་ནས་ཡལ་བར་གྱུར་པའི་ཉིན་མ་དེ་བར་དུ་ “བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་”ཞེས་པའི་གཞུང་འདི་གསོན་པོ་ཡིན། གཞུང་འདི་ལ་ཚེ་སྲོག་ཡོད། ད་ནི་གཞུང་འདི་ མ་ཤི་གོང་ནས་བསད་པ་དེ་ལ་འགྱོད་པ་བྱེད་རྒྱུ་ལས་གཞན་ལྷག་མེད་པ་འདྲ།

འགྱོད་པ་སྐྱེས་མཁན་གྱི་བོད་མི་ག་ཚོད་ཡོད་དམ། ངས་ངོ་ཚོར་བའི་མི་གྲགས་ཅན་གཉིས་ལས་གཅིག་ནི་ངུ་གི་འདུག གཞན་དེ་ནི་ཧ་ཅང་སེམས་ཕམ་གྱི་འོག་ན་འདུག གཞུང་འདི་ “དབུ་མའི་ལམ་གྱི་སྲིད་བྱུས་”མགོ་བཙུགས་པ་ནས་རིམ་གྱིས་སྒོ་བརྒྱབ་པ་མ་ཡིན་ནམ་ཞེས་རྩོམ་ཡིག་འགའ་ལ་འཁོད་འདུག ལོས་ཡིན། བོད་རྒྱ་ནག་གི་ཆ་ཤས་བྱེད་རྒྱུ་ཁས་བླངས་པའི་ཉི་མ་དེ་ནས་ “བོད་གཞུང་”ཞེས་པའི་མིང་ཚིག་དང་འབྲུ་དོན་གཉིས་ཀ་དུས་གཅིག་ཏུ་སྤངས་པ་རེད། དེ་ལ་དཔག་པའི་རྩོམ་ཡིག་ཀྱང་མང་པོ་ཞིག་བྱུང་བ་རེད། འོན་ཀྱང་། “མཐའ་མའི་ཐག་གཅོད་དེ་བོད་མི་མང་གིས་བྱེད་ཀྱི་རེད།”ཅེས་གསུངས་ནས་རེ་བ་རྒྱག་ས་ཞིག་ཡོད་བསྡད་པ་རེད། རེ་བ་དེ་དང་ཆབས་གཅིག་ཏུ། ཀ་བ་གསུམ་ལྡན་གྱི་བཙན་བྱོལ་ནང་གི་མང་གཙོའི་གཞུང་དེ་ལ་ འོས་འདེམས་ཀྱི་ཐོག་ནས་ཚ་ཚ་འུར་འུར་བྱས་པ་རེད། བཀའ་བློན་ཁྲི་གསར་ཞིག་འདམས་ནས་ དེའི་དྲོད་མ་ཡལ་གོང་དེར་ “བོད་གཞུང་”ཞེས་པའི་མིང་ཚིག་འདི་གཤིན་ཡུལ་དུ་བསྐྱལ་བ་རེད། ད་ནི། སྒྲིག་འཛུགས་ཤིག་གི་བཀའ་བློན་ཁྲི་པ་ཞེས་པ་འདིས། “གཞུང་”ཞེས་པའི་ཐ་སྙད་ཙམ་ཡང་མེད་པའི་སྒྲིག་འཛུགས་ཤིག་གི་འགོ་གཙོ་བྱེད་རྒྱུ་ཡིན་པ་རེད།

ཧ་ཅང་བློ་ཕམ་པ་ཞིག་ལ། བཙན་བྱོལ་གྱི་བོད་མི་ཚོས་ རང་གི་ལས་འགུལ་གྱི་ཁ་ཕྱོགས་དེ་བོད་ནང་དུ་བསྐོར་མ་ནུས་པ་དེ་རེད། འགྲོ་སོང་སོགས་ཡོད་ཚད་བཙན་བྱོལ་ནང་གི་སྒྲིག་འཛུགས་ཤིག་དང་བཙན་བྱོལ་ནང་གི་ལྟ་རྟོག་ཐོག་ཤོར་པ་རེད། ད་ནུས་པ་ཡོད་ཚད་སྤུངས་ནས་ཉར་བའི་གཞུང་དེ་ཡང་ “གཞུང་”གི་ཐ་སྙད་མེད་པ་ཞིག་ཏུ་གྱུར་པ་རེད།

རང་བཙན་དང་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ནི་ ཨང་གྲངས་ ༡༠༠ ཁ་ཚང་ངེར་ཡོད་པ་དེ་རེད། དབུ་མའི་ལམ་ནི་གོང་གི་དེ་གཉིས་ནས་ ཨང་གྲངས་ ༥༠ འཐེན་པའི་ཐོབ་གྲངས་རེད། ད་ བོད་མིའི་སྒྲིག་འཛུགས་ནི་ དེ་ནས་ཀྱང་ཨང་གྲངས་ ༥༠ འཐེན་ཤུལ་གྱི་ ༠ དེ་རེད། ང་ཚོ་ནི་ ༠ ལ་ཡིད་ཆེས་བྱེད་མཁན་གྱི་བོད་ཀྱི་འབངས་མི་རེད།

རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་ཤིང་། བོད་ཀྱི་ཁྲིམས་མཐུན་སྲིད་གཞུང་དེ་བཙན་བྱོལ་དུ་གྱར་ནས་ད་ལྟ་རྒྱ་གར་དུ་གནས་ཡོད་ཅེས་དམ་བཅའ་ཞིག་ཡིད་ལ་འཁྱེར་ནས་བཙོན་ཁང་འགྲིམས་མཁན་ཚོར་དགོངས་པ་ཞིག་བཞེས་དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲི་ཞུ་བསྒྲུབས་ཆེད་སྐུ་སྲོག་ཤོར་བའི་དཔའ་བོ་དང་དཔའ་མོ་ཚོར་དགོངས་པ་ཞིག་བཞེས་དང་།

ང་ཚོ་ལ་འཇོན་ཐང་ཡོད་ན། བོད་གཞུང་ནི་ཐ་སྙད་ཅིག་མ་རེད། བོད་གཞུང་ནི་ཐ་སྙད་ཅིག་གི་རྩོད་པའང་མ་རེད། འདི་ང་ཚོའི་གཞུང་རེད། འདི་ང་ཚོའི་མེས་པོ་རྣམས་ཀྱི་གཞུང་རེད་ལ། འདི་ང་ཚོའི་མི་རབས་རྗེས་མ་རྣམས་ཀྱི་གཞུང་རེད། འདི་བོད་མི་ས་ཡ་དྲུག་གི་ངོ་བོ་མཚོན་པའི་གཞུང་རེད། འདི་ཐ་སྙད་ཅིག་མ་རེད།

Bookmark and Share

4 Comments »

  • avatar Tenzin Lhaksam says:

    ངོ་མ་བསམ་ཤེས་མེད་པའི་སྐད་ཆ་རང་རེད། ༸གོང་ས་མཆོག་ནས་ཐེངས་ག་ཚོད་ཅིག་གིས་རིང་ལ་བཀའ་སློབ་ཕེབས་ནས་གསལ་བོ་གསལ་རྐྱང་ཆགས་ཡོད། ད་དུང་ཤེས་ལྡན་པ་ཡིན་ཟེར་མཁན་གྱི་སྐྱེ་བོ་དེ་ཚོས་ལྐུགས་པའི་ཨུ་ཚུགས་རྒྱག་བཞིན་འདུག་ག

    སོམས་དང། རྒྱལ་ཁབ་གཅིག་ལ་གཞུང་གཉིས་ག་འདྲ་བྱས་ནས་ཡོང་ཐུབ་བམ། འཛམ་གླིང་འདིའི་སྟེང་ལ་དེ་འདྲ་ཡོད་མཁན་གྱི་རྒྱལ་ཁབ་ཡོད་ན་གཅིག་ཤོད་དང། །ང་ཚོ་སྐྱབས་བཅོལ་རེད་མ་གཏོགས་རྒྱ་གར་ལུང་པ་ཕྱེད་ཀ་ང་ཚོའི་མ་རེད་། ཁྱེད་ཚོས་བརྗོད་པར་གཞིགས་ན་རྒྱ་གར་ཕྱེད་ཀ་ང་ཚོའི་ཡིན་པའི་བཟོ་འདྲ་བྱེད་ཀྱི་འདུག་ག སོ་སོ་རང་དོན་རང་གི་ཆེད་དུ་ནུབ་པྱོགས་སུ་བྲོས་ནས་ད་དུང་བཙན་བྱོལ་གཞུང་ལ་བྱུས་ཏོག་བྱས་ནས་དཔེ་རེད། རང་མགོ་ཐོན་ཙམ་བྱུང་དུས་༸རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་གྱི་སྒྲིག་འཛུགས་ལ་ཁ་གཏོང་རྒྱུ་འགོ་བཙུགས་ཀྱི་རེད། དེ་ལས་ཤེས་ཡོན་གྱི་ཐོག་ལ་ཤུགས་ཤིག་རྒྱབ་ན་བཟང་། །

  • avatar Tenzin Lhaksam says:

    ཁྱེད་ཚོ་འདྲ་བའི་ཤེས་ལྡན་པ་ཡིན་ཟེར་མཁན་དེ་ཚོས་གང་བྱུང་མ་བྱུང་བཤད་ནས་བཙན་བྱོལ་གྱི་སྤྱི་ཚོགས་ཚགས་ཚུད་དང་རྡོག་རྩ་གཅིག་སྒྲིལ་ཡོད་པ་རྣམས་བཏོར་ཀྱིན་འདུག སྐུ་མཁྱེན་ད་ཡིན་ན་དེ་འདྲ་མ་གནང་རོགས། འཇོན་ན་རྒྱ་གར་དུ་ཡོང་ནས་བཙན་བྱོལ་སྒྲིག་འཛུགས་ལ་ཞབས་འདེགས་ཞུ་རོགས། མི་འཇོན་ན་སོ་སོའི་ལྟོ་གོས་དང་ནང་མིར་བལྟ་ནས་སྡོད་ན་ཡག་གི་རེད། ཁ་བདེ་པོ་བཤད་ནས་ཕན་ཐོགས་ཀྱི་མ་རེད།

  • avatar Gendun Rabsal says:

    བརྩེ་བའི་བསྟན་འཛིན་ལྷག་བསམ་ལགས།
    ཉིད་ཀྱིས་ཕྲན་ལ་གཙེས་པའི་བཀའ་ནན་མོ་གནང་འདུག་པ་དེ་རིང་གཞི་ནས་མཐོང་བྱུང་། ཞུ་རྒྱུ་འགའ་ཡོད་པ་ལས་དང་པོ་ནི། ངེད་ཀྱི་རྩོམ་འདི་ ༢༠༡༡ ལོའི་ཟླ་ བདུན་པའི་ནང་བྲིས་འདུག ཁྱེད་ཀྱི་མཆན་འདི་ རྩོམ་འདི་བྲིས་ནས་ལོ་གཅིག་ལྷག་གི་རྗེས་ལ་བཏབ་འདུག དེ་གཅིག་ཡིན།
    གཉིས་པ་ནི་འདི་ཡིན། ང་༧རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་མེད་ཀྱི་ཚད་དེ་ཁྱེད་ཀྱིས་འཇལ་མི་དགོས། ཆོས་ཀྱི་ཚིག་ན། ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་པ་ཞེས་པ་ཞིག་ཡོད། འདི་ལ་དབང་པོ་རྣོན་པོའི་དད་པ་ཡང་ཟེར། དེ་ནི་ང་སྒེར་གྱི་ཆོས་ལུགས་ཀྱི་འདུ་ཤེས་ཤིག་རེད།
    གསུམ་པ་ནི་འདི་ཡིན། ང་རང་མགོ་ཐོན་ན་དེས་འགྲིག་བསྡད་པ་དང་། རང་མགོ་མ་ཐོན་ན་དེས་མ་འགྲིག་བསྡད་པའི་མི་ཚེའི་ལྟ་བ་ཞིག་ང་ལ་ཡོད་པ་ཁྱོད་ཀྱིས་ཇི་ལྟར་མཁྱེན་སོང་། ངས་དེ་ཤེས་ཐུབ་མ་སོང་།
    བཞི་པ་ནི་འདི་ཡིན། བོད་མི་ཚང་མ་ཆབ་སྲིད་ཐད་ལ་བསམ་བློ་གཅིག་པ་གཅིག་རྐྱང་ཡོད་དགོས་ན་དེ་ནི་༧སྐུ་མདུན་གྱི་དགོངས་བཞེད་རེད་དམ། ཐུགས་རྗེ་ཆེ།

  • avatar Tenzin Lhaksam says:

    ཉེ་ལམ་གཞོན་ནུ་གཙོས་རང་བཙན་གྱི་ལྟ་བ་འཁྱེར་ནས་༸གོང་ས་མཆོག་ཐུགས་ཕམ་འབྱུང་གཞི་བཟོས་པ་དེ་ཁྱེད་ཚོའི་སྒེར་གྱི་ཆོས་ལུགས་ཀྱི་འདུ་ཤེས་ཤིག་ཡིན་གྱི་རེད། གང་ལྟར་ལྟ་བ་འདྲ་མིན་དགོས་པ་གལ་ཆེ་ཞིང་། ཡིན་ནའང་སོ་སོའི་ལྟ་བ་དེ་གཞན་དེ་ལས་ལྷག་པ་ཡིན་ཟེར་ནས་གཞན་གྱི་ལྟ་བ་དང་ལངས་ཕྱོགས་ལ་དམའ་འབེབས་དང་ཁྱད་གསོད་བྱེད་པ་དེ་ཤེས་ལྡན་པའི་བྱེད་སྟངས་ཤིག་ཡིན་སྲིད་ཀྱི་མ་རེད།

    ཁྱེད་དང་ཁྱེད་འདྲ་བའི་བོད་རིགས་ཤེས་ལྡན་པ་ཕྱི་རྒྱལ་ན་ཡོད་པ་རྣམས་། བོད་པའི་ཆོས་རིག་སྲུང་སྐྱོབ་དང་དར་སྤེལ་བྱེད་ཀྱི་ཡོད་མདོག་གིས་ཕྱི་རྒྱལ་དུ་སྡོད་ནས་རང་ཁ་རང་གསོ་བྱེད་བཞིན་ཡོད་པ་ལས་བཙན་བྱོལ་སྒྲིག་འཛུགས་ན་ད་ཕན་གང་ཡང་བསྒྲུབས་མེད་། དེར་བརྟེན་ཁྱེད་ཚོ་ལ་རྒྱ་མིས་སྤྱི་ཚོགས་དཀྲུག་རྒྱུའི་འགན་སྤྲད་ཡོད་པ་བཞིན་གང་བྱུང་བཤད་པ་དང་བྲིས་པ་སོགས་ཀྱིས་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ཆུང་དེ་ཐུག་པ་དཀྲུག་དཀྲུག་བྱེད་ཀྱི་འདུག

    ངས་སླར་ཡང་ཞུ་བ་འཐེན་གྱིས་ཡོད། སྤྱི་ཚོགས་ལ་ཕན་མ་ཐོགས་ནའང་གནོད་པའི་བྱ་བ་་མ་སྤེལ་རོགས། རང་ཁ་རང་གིས་གསོས། སྐྱིད་པོ་བྱས་ནས་སྡོད་ན་བཟང། །

Leave a comment!

You must be logged in to post a comment.