blogs

blogs

Enjoy a large variety of incisive and original opinions and analysis on Tibet’s political affairs, society, culture and arts.

book & film reviews

Original reviews of books, magazines, films and music relevant to Tibet’s struggle for independence.

cinema ’59

Discuss and organize screenings of films of freedom struggle and national liberation, and propose specific titles that inspire you.

news & events

Find out about past and forthcoming events, demonstrations, actions and conferences around the world.

videos & photos

Check the latest videos from a number of sharing websites and photos collections on Tibet’s struggle for independence.

ཡོན་ཧོང་པེན། ༸པཎ་ཆེན་སྐུ་གོང་མ་བཀྲོངས་མཁན་ཧའོ་ཅིན་ཐའོ་རེད།

avatarBy
Wednesday, Mar 16, 2011
No Comment

དྲི་བ་གཏོང་མཁན་ཚེ་རིང་རྒྱལ།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༢ པའི་མཛད་སྒོའི་ཐོག   ཡུལ་ཕྱོགས་འདྲ་མིན་ནས་སླེབས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ཀྱང་མཉམ་ཞུགས་གནང་ཡོད་པ་ལྟར། ཐེངས་འདིའི་དུས་དྲན་ཐོག་མཉམ་ཞུགས་གནང་མཁན་སྙན་གྲགས་ཅན་གྱི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཡོན་ཧོང་པེན་ལགས་ཀྱིས། ཐེངས་འདིའི་གསུམ་བཅུ་དུས་དྲན་དང་འབྲེལ་ཏེ་འཇར་མན་རླུང་འཕྲིན་ཁང་གི་དྲི་བ་ཁག་ལ་ལན་འབེབས་གནང་ཡོད་པ་དང་།

སྐབས་དེར་ཁོང་གིས་རྒྱ་དམར་གཞུང་གི་བོད་དུ་འཛིན་པའི་ལྐོག་གཡོ་ངན་ཇུས་དང་པཎ་ཆེན་སྐུ་ཕྲེང་བཅུ་

པ་མཆོག་བཀྲོངས་མཁན་ནི་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཧོ་ཅིན་ཐའོ་ཡིན་པའི་སྐོར་ཐེར་འདོན་བྱས་ཡོད་པ་རེད།

དྲི་བ།  དེ་རིང་གི་ཏཱ་ལའི་བླ་མའི་གསུང་བཤད་ཀྱིས་ཁྱེད་ལ་སེམས་ཚོར་ཅི་ཞིག་སྤྲད་སོང་།  གསུང་བཤད་ནང་ཁོང་གིས་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ཀྱི་ཐད་ལ་སྐྱོན་བརྗོད་ཀྱང་གནང་འདུག

ཡོན་ཧོང་པེན། ངས་བསམ་ན། ཏཱ་ལའི་བླ་མའི་གསུང་བཤད་དེ་ནི་བོད་མིའི་ཆབ་སྲིད་ཀྱི་རེ་འདོད་དེ་ཡང་དང་བསྐྱར་དུ་གསལ་བརྗོད་གནང་བཞིན་པ་ཞིག་རེད། བོད་མིའི་རང་དབང་ཐོབ་འདོད་ཀྱི་རེ་སྙེགས་དེ་ནི་ཧ་ཅང་ལུགས་མཐུན་གྱི་རེ་འདུན་ཞིག་རེད། ཡིན་ནའང་། རྒྱ་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པའི་དུས་རབས་ཕྱེད་ཀའི་རིང་ལ། བོད་དུ་རིག་གནས་ཀྱི་ངོས་ཐད་ནས་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱ་ཆེད། དམར་གསོད་ཆེན་མོ་དང་ཡ་ང་བའི་མནར་གཅོད་འོག་བོད་མི་ཡ་གཅིག་དང་འབུམ་གཉིས་ལྷག་རྐྱེན་ལམ་དུ་བཏང་ཡོད་ལ། རྒྱ་དམར་སྲིད་དབང་གིས་བོད་མི་རིགས་ཐོག་ལ་བསུབ་ཐབས་བྲལ་བའི་མིའི་རིགས་ཀྱི་ནག་ཉེས་ཆེན་པོ་ཞིག་བཟོས་ཟིན་པར་མ་ཟད། རྒྱ་དམར་གཞུང་གིས་ད་དུང་མུ་མཐུད་ནས་བོད་མིའི་རིག་གནས་རང་བཞིན་གྱི་མི་རིགས་རྩ་མེད་བཟོ་བཞིན་ཡོད་པ་རེད། དེར་བརྟེན། ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་པའི་བོད་མིའི་རང་དབང་འཐབ་རྩོད་དེར། འགྲོ་བ་མིའི་རིགས་ཡོངས་ཀྱིས་རྒྱབ་སྐྱོར་ཐོབ་ངེས་པར་མ་ཟད། གནས་ལུགས་དང་རྒྱུ་འབྲས་སྲུང་མཁན་གྱི་རྒྱ་ནག་པ་དག་གིས་ཀྱང་རྒྱབ་སྐྱོར་ཐོབ་ཐུབ་པར་ང་ལ་ཡིད་ཆེས་ཡོད།

དྲི་བ། ཏཱ་ལའི་བླ་མ་མཆོག་གི་རྒྱ་ནག་གི་སྐྱོན་བརྗོད་དེར་ཁྱེད་ལ་ལྟ་ཚུལ་ཅི་ཞིག་ཡོད། འོས་བབ་ཞིག་རེད་དམ་ཡང་ན་ཚད་བརྒལ་ཞིག་རེད།

ཡོན་ཧོང་པེན། ཁོང་གི་སྐྱོན་བརྗོད་ནི་ཞི་འཇམ་ལྡན་པ་ཞིག་རེད། ཏཱ་ལའི་བླ་མ་ནི་ཆོས་ཀྱི་དབུ་ཁྲིད་ཅིག་ཀྱང་ཡིན་པས་ཆ་ནས།   ཁོང་གིས་ཆོས་ལུགས་མི་སྣ་ཞིག་གི་ངོས་ཐད་ནས་དེ་ལྟ་བུའི་ཞི་འཇམ་གྱི་སྐྱོན་བརྗོད་གནང་བ་དེ་ནི། ངས་བསམ་ན་ཁོང་སྐུ་སྒེར་གྱི་མཚན་གནས་དང་འཚམ་པ་ཞིག་རེད། ཡིན་ནའང་། ད་ལྟའི་བོད་ཀྱི་གནས་སྟངས་དངོས་ལ་གཞིགས་ན། བོད་བརྒྱུད་ནང་བསྟན་དང་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ལས་དབང་དེ་ད་ལྟ་ཧ་ཅང་ཉེན་འཇིགས་གི་གནས་སྟངས་ཁྲོད་ལྷུང་ཡོད་པ་རེད། གལ་སྲིད། ནུས་པ་ལྡན་པའི་བྱེད་ཐབས་ཞིག་སྤྱད་དེ་རིག་གནས་འདི་མྱུར་སྐྱོབ་བྱེད་མ་ཐུབ་ཚེ། རྒྱ་དམར་གཞུང་གི་རིག་གནས་རང་བཞིན་གྱི་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་དེ། གཅིག་བྱས་ན་མཐར་མཇུག་ཡིད་སྐྱོ་བའི་དོན་དངོས་ཞིག་ཏུ་མངོན་འགྱུར་འབྱུང་མི་སྲིད་པ་མ་རེད།

དྲི་བ།  ཏཱ་ལའི་བླ་མིའི་གསུང་བཤད་ནང་མའོ་ཙེ་ཏུང་དང་ཧའོ་ཡོ་པང་གིས་བོད་ཀྱི་གནད་དོན་ཐད་འཛིན་པའི་དངོས་དོན་རིང་ལུགས་སྐོར་མང་པོ་བརྗོད་སོང་། དེའི་ཐད་ཁྱེད་ཀྱིས་ཅི་ལྟར་གོ་བ་ལེན་གྱིན་ཡོད་དམ།

ཡོན་ཧོང་པེན། མའོ་ཙེ་ཏུང་གིས་དེ་སྔོན་བོད་ལ་གྲོས་ཆོལ་དོན་ཚན་བཅུ་བདུན་བཞག་པ་དེ་ནི་མཐའ་གཅིག་ཏུ་གཡོ་སླུ་ཞིག་རེད། ཁོས་བོད་མི་དམངས་ལ་མགོ་སྐོར་བཏང་བ་རེད། གྲོས་ཆོལ་དོན་ཚན་ ༡༧ བཞག་ཚར་བའི་རྗེས་སུ། ཁོས་གྲོས་དོན་དང་ རྒྱབ་འགལ་ཏུ་གྱུར་བའི་སྐྱི་གཡའ་བའི་སྲིད་ཇུས་ཞིག་ལག་སྟར་བྱེད་མགོ་བརྩམས་ཡོད།  དེར་བརྟེན། ངས་བསམ་ན་མའོ་ཙེ་ཏུང་གི་སྲིད་ཇུས་ནི་མགོ་གཡོག་མགོ་སྐོར་གྱི་སྲིད་ཇུས་ཞིག་རེད། སྐུ་ཞབས་ཧའོ་ཡོ་པང་ནི་ང་རང་ངོས་ནས་ཀྱང་གུས་བརྩི་བྱེད་བཞིན་པའི་མི་སྣ་ཞིག་ཡིན། ཁོང་ནི་རྒྱ་དམར་ཤོག་པའི་ལོ་རྒྱུས་ཁྲོད་ཧ་ཅང་མཐོང་དཀོན་པའི་རྒྱུ་འབྲས་བློ་མིག་ཅན་གྱི་མི་སྣ་ཞིག་རེད། ལོ་རབས་ ༨༠ པའི་ནང་སྐུ་ཞབས་ཧའོ་ཡོ་པང་དང་ངེད་གཉིས་བར་ཕན་ཚུན་འབྲེལ་བ་ཡོད། སྐབས་དེར་པེ་ཅིན་སློབ་གྲྭ་ཆེན་མོའི་ནང་ངས་དགེ་རྒན་བྱ་བ་སྒྲུབ་བཞིན་ཡོད་ལ། ཁོང་སྐབས་དེར་རྒྱ་དམར་གཞུང་གིས་ལས་དབྱུང་བཏང་ཚར་འདུག དེ་དུས་ངས་ཧའོ་ཡོ་པང་གིས་བོད་དུ་འཛིན་པའི་སྲིད་ཇུས་དེ་ཡང་དག་པ་ཞིག་ཡིན་པ་ཤེས་རྟོག་བྱུང་།   སྐབས་དེ་དུས་ཀྱི་སྐུ་ཞབས་ཧའོ་ཡོ་པང་ལགས་ཀྱི་སྐད་ཆ་ཞིག་ཡོད་པ་རེད། རིག་གསར་ཁྲོད་རྒྱ་དམར་གུང་བྲན་གྱིས་བོད་མིར་གནོད་འཚེ་བཟོས་པ་ཤེས་རྟོག་བྱུང་བའི་རྗེས་སུ། ཁོང་གིས། ༼ང་ཚོ་རྒྱ་དམར་གུང་བྲན་དམར་ཤོག་གིས་བོད་མི་རིགས་ལ་ནག་ཉེས་ཆེན་པོ་བཟོས་ཟིན༽   ཅེས་བརྗོད་མྱོང་ཡོད་པ་རེད།   དེར་བརྟེན། ངས་བསམ་ན་ཏཱ་ལའི་བླ་མ་མཆོག་གིས་སྐུ་ཞབས་ཧའོ་ཡོ་པང་ལ་འཛིན་པའི་ལྟ་སྟངས་དེ་ཡང་དག་པ་ཞིག་རེད།

དྲི་བ། ཅིའི་ཕྱིར་རྒྱ་ནག་གི་ད་ལྟའི་སྲིད་འཛིན་དཔོན་རིགས་ཚོའི་ཁྲོད་ནས། ཏཱ་ལའི་བླ་མ་མཆོག་གིས་ཝུན་ཇ་པའོ་ཁོ་ན་མ་གཏོགས་ཧའོ་ཅིན་ཐའོ་ཡི་མིང་ཟུར་ཙམ་ཡང་མི་གླེང་བའི་དོན་ཅི་ཡིན་ནམ། ཁྱོད་ཀྱིས་བསམ་ན་དེའི་རྒྱུ་མཚན་ཅི་ཞིག་རེད་དམ།

ཡོན་ཧོང་པེན། དེ་ནི་ཧའོ་ཅིན་ཐའོ་ཡིས་རྒྱ་ནག་གུང་བྲན་དམར་ཤོག་པའི་ཆེས་མཐོའི་དབང་འཛིན་པའི་གོ་ས་ལོན་ཐུབ་པར་རྒྱུ་རྐྱེན་གཉིས་ཡོད་པས་རེད། གཅིག་ནི་ཚང་མས་ཤེས་གསལ་ལྟར་ཕྱི་ལོ་ ༡༩༨༩ ཟླ་ ༣ ནང་། ཧོ་ཅིན་ཐའོ་ཡིས་མགོ་ལ་ལྕགས་ཞྭ་གྱོན་ཞིང་ལག་ཏུ་མེ་མདའ་ཐོགས་པའི་དྲག་དམག་གི་སྣེ་ཁྲིད་དེ། ལྷ་སའི་སྲང་ལམ་དུ་ཞི་བའི་ངོ་རྒོལ་བྱེད་བཞིན་པའི་གྲྭ་བཙུན་དང་མང་ཚོགས་མང་པོ་དམར་གསོད་བྱས་ཡོད། དེར་བརྟེན། ཁོ་མ་གཞི་ནས་འགྲོ་བ་མིའི་རིགས་ལ་ནག་ཉེས་བཟོ་མཁན་གྱི་ཉེས་ཅན་པ་ཞིག་རེད། དེ་ལས་གཞན་པའི་དོན་དག་གཅིག་ནི་མི་མང་པོ་ཞིག་གིས་ད་དུང་ཤེས་རྟོགས་བྱུང་ཡོད་པ་མ་རེད། དེའི་སྐོར་ལ་མི་འགྱངས་པར་ངས་བརྩམས་དེབ་ཅིག་པར་འགྲེམས་བྱ་འཆར་ཡོད། དེ་ནི་ཕྱི་ལོ་ ༡༩༨༩ ཟླ་ ༡ པོའི་ནང་། ཧའོ་ཅིན་ཐའོ་ཡིས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལྐོག་གསོད་ཀྱི་ཇུས་གཞིར་གཙོ་ཁྲིད་བྱས་ཡོད།  པཎ་ཆེན་བླ་མ་མཆོག་དགོངས་པ་རྫོགས་པ་དེ་ནི་རྒྱུན་ལྡན་གྱི་དགོངས་པ་ཆོས་དབྱིངས་སུ་འཐིམ་པ་ཞིག་མ་ཡིན་པར། དེ་ནི་རྒྱ་དམར་གུང་བྲན་དམར་ཤོག་གིས་ལྐོག་གསོད་བྱས་པ་ཞིག་རེད། སྐབས་དེའི་ལས་དོན་ལ་གཙོ་འགན་འཁུར་མཁན་ནི་ཧའོ་ཅིན་ཐའོ་རེད། དེར་བརྟེན། ངས་བསམ་ན་ཏཱ་ལའི་བླ་མ་མཆོག་གིས་ཧའོ་ཅིན་ཐའོ་ཡི་མིང་ཟུར་ཙམ་ཡང་མ་གླེང་པ་དེ་ནི་འོས་ཤིང་འཚམ་པ་ཞིག་རེད།

Bookmark and Share

Leave a comment!

You must be logged in to post a comment.