blogs

blogs

Enjoy a large variety of incisive and original opinions and analysis on Tibet’s political affairs, society, culture and arts.

book & film reviews

Original reviews of books, magazines, films and music relevant to Tibet’s struggle for independence.

cinema ’59

Discuss and organize screenings of films of freedom struggle and national liberation, and propose specific titles that inspire you.

news & events

Find out about past and forthcoming events, demonstrations, actions and conferences around the world.

videos & photos

Check the latest videos from a number of sharing websites and photos collections on Tibet’s struggle for independence.

བདེན་དོན་འཚོལ་བ།

avatarBy
Saturday, Feb 12, 2011
No Comment

མྱི་ལོ་བཅུ་བཞི་ལྷག་གི་རིང་བཙན་བྱོལ་གྱི་གནས་འདི་ནས་ཁེར་རྐྱང་གི་འཚོལ་སྙེག་དང་རེ་འབོད་བྱས་པ་ནི་ཉིན་གཅིག་སྐད་ཅིག་ཙམ་ག་ལ་ཡིན། ལྷག་དོན་བདག་གི་སེམས་ཀྱི་གཏམ་རྒྱུད་དང་འདྲ་བའི་གནས་ལུགས་སྐྱུར་མོ་དག་ས་རྡོ་རི་བྲག་ནས་བབས་ཏེ་འོང་པ་ཞིག་མ་ཡིན་པར་དམར་པོ་ཁྲག་དང་བདེན་དོན་ལ་གྲི་ཤན་བྱེད་པའི་དངོས་མཐོང་གི་བརྒྱུད་རིམ་དེ་ནས་འོངས་པའི་འདས་བྱས་ཡིན་ཐལ།  སྔོན་གྱི་ཚེ་བདག་ཅག་གི་མེས་པོ་ཚོས་མཐའ་ཡི་རྒྱ་མཚོའི་རྦ་རླབས་ཚད་ཤིང་གིས་འཇལ་མ་མྱོང་ཡང་བོད་མཐོ་སྒང་གི་ཡུལ་ནས་རྒྱ་གར་འཕགས་པའི་གནས་ཞེས་པའི་རྒྱལ་ཁབ་འདི་གཉིས་ཀྱི་བར་མཐོ་ཡིས་འཇལ་མྱོང་ལ་རྟ་མཆོག་གི་མཚེར་སྐད་ཀྱིས་ཀྱང་བཀང་མྱོང་པ་མངོན་སུམ་ཡིན།  དེ་ལྟར་གནས་འདི་ལ་སླེབ་པ་ནི་ང་ཚོའི་མི་རབས་འདི་དང་པོ་མིན་ལ་མཐའ་མ་ཡང་མིན་པར་འདོད།  སྔོན་གྱི་མེས་པོ་རྣམ་ཀྱི་དཔའ་མཛངས་རྟུལ་ཕོད་ཀྱི་གཟི་ཤུགས་སྲིད་འདིར་མངོན་ནས་ཆུ་བོ་གཱང་གཱི་འགྲམ་དུ་རྡོ་རིང་བརྩིགས་པའི་ལོ་རྒྱུས་ཀྱང་ཡོད་སྐད། སྐབས་དེར་བཙན་པོའི་དཔའ་ཉམས་མ་ཧཱ་ཙི་ནིའི་ཡུལ་དང་རྒྱ་གར།  ཁ་ཆེ་སོགས་ཨེ་ཤི་ཡའི་གླིང་འདིར་འབྲུག་ལྟར་གྲགས་ཡོད། སྨད་ནས་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་དང་སྟོད་ནས་རྒྱ་གར་ཆུ་བོ་གཱང་གཱའི་བར་དབང་དུ་བསྡུས་མྱོང༌། གསུམ་གཅིག་དབང་དུ་བསྡུས་པའི་བཙན་པོའི་དཔའ་སྤོབས་ཀྱི་གཟི་འོད་ད་དུང་ལོ་རྒྱུས་ཀྱི་ཁྲོད་ན་མ་ནུབ་པར་གསལ་བོར་གནས་ཡོད།

ད་སྐབས་འུ་ཅག་གིས་སྐྱབས་བཅོལ་གྱི་ཕོར་བ་གླིང་འདི་ལ་བཙུགས་པ་གཉིས་ནི་དོན་དངོས་ཐོག་ཐ་སྙད་དང་ལོ་རྒྱུས་ཀྱི་རིན་ཐང་སོགས་ཁ་ཁ་སོ་སོ་ཡིན་ལ།  གཟི་བརྗིད་ཀྱང་ཐ་དད་ཡིན་པ་སྨྲས་ག་ལ་དགོས།  འོན་ཀྱང་ལོ་རྒྱུས་ཀྱི་བརྒྱུད་རིམ་མི་འདྲ་བའི་གཏམ་རྒྱུད་ཁྲོད་གདོང་དམར་བས་གནས་འདི་ནས་འཚོལ་སྙེག་བྱས་མྱོང་པ་ནི་མངོན་སུམ་ཡིན་སྐད།

དམར་འཛིང་དང་ཞི་བདེའི་བརྒྱུད་རིམ་ཁྲོད་ཀྱི་བཙན་བྱོལ་བའི་ལོ་ངོ་དྲུག་བཅུ་ནི་འདུས་ཟིན་པའི་ལོ་ཟླ་ཡིན་ཡང་ང་ཚོར་དཔྱད་གཞིར་རུང་བའི་རྒྱུ་ཆ་གལ་ཆེན་ཞིག་ཀྱང་ཡིན་ཐལ།  དེའི་ཕྱིར་གསལ་ལ་མི་གསལ་བའི་འདས་ཟིན་གྱི་ལོ་ཟླ་འདི་དག་མི་འདོད་བཞིན་དུ་ང་ཚོས་བསྐྱར་ཞིབ་དང་བསྐྱར་ཀློག་བྱེད་དགོས་པ་ནི་སྐྱབས་བཅོལ་བའི་མྱི་ཐོག་གཉིས་པའི་འོས་འགན་དུ་འདོད་ལ།  གད་རྒྱངས་སྒྲོགས་ཏེ་འུར་རྒྱུག་བྱེད་བཞིན་པའི་མི་རབས་གསར་བའི་འགན་འཁྲི་ཡང་ཡིན་སོང༌།

ཐོལ་བྱུང་གི་གབ་ཚིག་ལྟ་བུའི་རྩོམ་ཉོག་རེ་གཉིས་ཀྱིས་མི་རབས་གཅིག་གི་འགན་འཁྲི་ཐེག་མི་སྲིད་ལ་བསམ་གཞིག་དང་་ལྷག་བསམ་གྱི་ངུ་འབོད་རེ་རེས་ཀྱང་འགན་འཁྲིའི་ཐ་སྙད་ལ་གསོན་ཤུགས་སྤྲོད་མི་ནུས། འགན་འཁྲི་ནི་རང་ཉིད་ནས་འགོ་བརྩོམ་དགོས་ལ།  འགན་འཁྲི་ནི་རང་ཉིད་ཀྱི་འགན་འཁྲི་ཡང་ཡིན།  འགན་འཁྲི་ནི་ཁྱེད་ཀྱི་མདུན་བསྐྱོད་ཀྱི་སྨད་བྱུང་གི་མདུན་ལམ་ཡིན་ལ།  མི་རབས་གཅིག་གཉིད་ལས་སློང་བའི་ཞོགས་པའི་ཅོང་སྒྲ་ཡང་ཡིན་ཐལ།  དེ་བས་འགན་འཁྲི་འདི་ང་ཚོས་ཅིས་ཀྱང་འཁུར་དགོས།  ཐེག་ཀྱང་ཆོག་མ་ཐེག་ཀྱང་རུང་འགན་འཁྲི་འདི་ལས་ང་ཚོ་གཞོལ་ཐབས་མེད་པ་གདོང་དམར་བའི་མི་བུ་དག་གི་སེམས་སུ་ངེས་དགོས།

བཙན་བྱོལ་བའི་ཆབ་སྲིད་ཀྱི་གནས་བབ།

འདས་པའི་ལོ་ཟླ་ཁ་ཤེས་ནང་འདི་ཕྱོགས་ཀྱི་ཤེས་ཡོན་པར་རློམ་པ་ཁ་ཅིག་གིས་ང་ཚོ་ནི་ཤེས་ཡོན་གྱི་སྐྱབས་བཅོལ་བ་ཞིག་ཡིན་པར་བརྗོད་ཀྱི་ཡོད།  སྐབས་དེར་སྐད་ཆ་དེ་དག་ལ་རྒོལ་ལན་ལོག་མ་ཤེས་ཀྱང་བློ་འབབ་ཁག་པའི་སྣང་ཚུལ་ཞིག་བྱུང་བ་ནི་ཐེངས་གཅིག་ཙམ་ག་ལ་ཡིན། དེ་ལྟར་བསམ་གཞིགས་ཀྱི་ཁྲོད་ལོ་ཟླ་འདས་པའི་དེང་གི་ཆར་ང་ཚོ་དོན་དངོས་ཀྱི་ཆབ་སྲིད་སྐྱབས་བཅོལ་བ་ཞིག་ཡིན་པ་ཧ་ཅང་གསལ་བོར་མཐོང༌།

དེ་ལྟར་ཡིན་ན་ཅིས་ཕྱིར་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་བརྗོད་མ་ཐུབ་པ་གང་རེད་དམ་ཟེར་ན།  འདི་ནི་བཙན་བྱོལ་བའི་མཁས་བར་རློམ་པ་དག་གིས་དགྱ་གཞུང་ལ་ཁ་གཏད་གཅོག་པའི་སྙིང་སྟོབས་མེད་སོང་པའིོ་རྟགས་མཚན་རེད་ལ། ལོ་ངོ་གསུམ་ཅུའི་སྒུལ་ཤུགས་ཀྱང་ཅི་ལ་མིན། འདི་ལྟར་དོན་དངོས་ཐོག་ལོ་རྒྱུས་ཀྱི་བདེན་དབང་དང་གསོན་ཤུགས་དེ་སྤྱི་ཚོགས་འདི་དང་ཁ་ཐག་རིང་དུ་ཕྱིན་སོང་པ་ནི་མྱི་རབས་འདིའི་ནག་ཉེས་ཡིན།

ང་ཚོར་རང་ཉིད་ཀྱི་རྒྱལ་ཁབ་ཡོད་བཞིན་དུ་གཞན་གྱིས་བཙན་འཕྲོག་བྱས་ཡིན་པ་བདེན་པ་ཡིན་ལ།  ང་ཚོ་ལ་རང་ཉིད་ཀྱི་རི་ཆུ་ལུང་གསུམ་ཡོད་བཞིན་གཞན་ཡུལ་འགྲིམ་དགོས་བྱུང་པ་སོགས་བསམ་བློ་སྟོང་གི་ཁ་བར་ནས་ཅི་ལྟར་བཙུར་ཡང་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པ་ལྡོག་མེད་རེད། དེས་ན་འུ་ཅག་ལ་རང་གི་ཟ་སྐལ་གཅོད་པའི་དབང་ཚད་ཡོད་དུ་སྲིད་ཀྱང༌།  མྱི་རབས་རྗེས་མའི་ཟ་སྐལ་གཅོད་རྒྱུའི་དབང་ཚད་མེད་པ་མཐོང་ཆོས་ཚད་མའི་གཞལ་བྱར་གནས་ན་ཅིས་ཕྱིར་ལ་ད་དུང་ཨུ་ཚུགས་བྱེད་དགོས།  ང་ཚོས་མྱོང་བཞིན་པའི་སྡུག་བསྔལ་འདི་ལས་མི་རབས་སྔོན་མ་ཚོའི་བྱས་ཉེས་དག་འུ་ཚོར་ཉམས་མྱོང་དམར་ཁྲིད་བྱེད་ཀྱིན་ཡོད། ང་ཚོ་གོ་ལ་ཧྲིལ་པོ་འདིའི་སྟེང་ཐུན་མོང་གི་སྨྲར་ཤེས་ཤིང་དོན་གོ་བའི་རིགས་སུ་སྐྱེས་པ་གཅིག་མཚུངས་སུ་གནས་ཀྱང༌།  གང་ཞིག་ལས་འུ་ཚོའི་སྐལ་ཆད་འགྲོ་བ་དང་གང་ཞིག་ལས་འུ་ཚོར་ཉེས་བཅོས་དང་དམའ་འབེབ།  བཙན་གནོད་དང་གཉའ་གནོན།  འགྲོ་བ་མིའི་རང་དབང་གི་ཐོབ་ཐང་མེད་པའི་སྡུག་བསྔལ་འདི་དག་རིགས་རྒྱུད་གཅིག་པའི་མྱི་རབས་རྗེས་མ་ཚོར་མི་མཐུད་ནས་མྱོང་དུ་འཇུག་འདོད་དམ།  ད་དུང་ཆད་ལ་ཉེ་བའི་མི་རིགས་འདིའི་ཐུན་མིན་ཀྱི་སྐད་དང་རིགས་གནས་སོགས་མིག་གིས་བལྟས་བལྟས་རིག་རིག་ཏུ་ཁྲོམ་པའི་ནང་ལ་ལྷུང་དུ་འཇུག་འདོད་དམ།  དེ་བཞིན་དུ་མ་འོངས་པར་ནར་སོན་ལ་ཉེ་བའི་བྱིས་པ་བློ་གསལ་འདི་ཚོའི་མདུན་ལམ་ཀྱང་ང་ཚོ་ལྟར་སྡུག་གཏམ་དང་འོ་དོད་ཁྲོད་ནས་རྫོགས་དགོས་པ་རེད་དམ།  ལན་འདེབས་དཀའ་བའི་དྲི་གཞི་འདི་དག་ནི་ད་ལྟའི་མི་རབས་འདིའི་མདུན་བསྐྱོད་ཀྱི་ཐིག་རྩར་གནས་པས་ཅིས་ནས་ཀྱང་བསམ་གཞིགས་དང་འབད་བརྩོན་གནང་དགོས་པ་མ་ཟད་ད་ལྟའི་ཉམ་ཉེས་ཀྱི་སྟངས་འདིས་ནམ་ཡང་འདོད་པ་ཚིམ་ཐུབ་ཀྱི་མེད་ལ་ཚིམ་ཀྱང་མི་རུང༌།

ལྷག་པར་ཆབ་སྲིད་རིག་གནས་དང་བསམ་བློའི་གོ་རྟོག་གི་གནས་བབ་ཐད་ནས་བཤད་ན་ང་ཚོ་སྤྱི་ཚོགས་ཀྱི་རྗེས་ལུས་སུ་འབོད་ཆོག དེ་བཞིན་དུ་འུར་སྒྲོག་དང་འཆལ་གཏམ་གྱི་རྗེས་སུ་སྙེགས་རྒྱུ་ཧ་ཅང་སྤྲོ་བའི་མི་རབས་འདི་ལ་ཁ་ཕྱོགས་ཤིག་སྟོན་དགོས་ན་དེ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། རྒྱུ་རྐྱེན་དེའི་དབང་གིས་བཙན་བྱོལ་ཁྲོད་ཤེས་ཡོན་པ་སྐོར་ཞིག་འཕུར་སོང་བ་རེད་ལ།   འགའ་ཞིག་སྨྱོས་སོང་རེད་ལ་སྐོར་ཞིག་མི་སྨྲ་བའི་ཏིང་འཛིན་ལ་གནས་སོང་བ་མ་མིན་ནམ།

གཟོད་དུ་མེད་པའི་གྱོང་གུད་དང་ནག་ཉེས་ཆེན་པོ་འདིའི་བར་ནས་ངོ་ཚ་མེད་པ་ཆབ་སྲིད་པར་རློམ་མཁན་མྱི་ཡ་རབས་ཞིག་གི་མཚན་ཉིད་ཀྱི་ཟུར་ཙམ་ཡང་ཚང་དཀའ་བའི་སྐྱེ་བོ་སྐོར་ཞིག་ལ་གོ་སྐབས་ཐོབ་སོང་བ་རེད་ལ།  དེ་ཚོས་འཛེམ་མེད་དུ་སྤྱི་ཚོགས་ཕུ་དཀྲུག་མདོ་དཀྲུག་བྱེད་པའི་བྱ་ངན་གྱི་དར་ཆ་མཐོ་རུ་བསྒྲེངས་ནས་རང་དང་འདྲ་བའི་བྱིས་བློ་ཅན་རྣམས་ལ་གོ་སྐབས་ནས་གོ་གནས་སྤྲད་པའི་དབང་གིས་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་སངས་རྒྱས་མངོན་སུམ་ཞིག་བཞུགས་ཡོད་ཀྱང་བྱེད་ཐབ་ཁག་སོང་སྐད།

འདི་ཚོས་རང་ཉིད་ཀྱི་ཁེ་ཕན་ཆེད་ ྋགོང་ས་མཆོག་གི་མཚན་བེད་སྤྱོད་གཏོང་སྐབས་མིག་མཆི་མས་གང་ནས་སྐད་ངག་ཀྱང་འདར་འདར་བྱེད་པའི་ངང་ཚུལ་མཐོང་འོངས་ན་སྔོན་སངས་རྒྱས་འཇིག་རྟེན་ན་བཞུགས་སྐབས་ཀྱི་ཁྱིམ་བདག་དད་པ་ཅན་རྣམས་ཀྱི་ལོ་རྒྱུས་ཀྱང་དྲན་འོང་ངེས།  འོན་ཀྱང་གོ་ལྡོག་པའི་ལག་ལེན་དངོས་ཀྱི་མཐོང་ཆོས་དེ་དག་མིག་གི་སྤྱོད་ཡུལ་ལ་གྱུར་དུས་རང་ཉིད་ཀྱི་ཡ་ཐོད་ན་འབུར་ཚུགས་སུ་ཡོད་པའི་མིག་འབྲས་གཉིས་རང་གི་ཡིན་ནམ་སྙམ་པའི་ཚོར་བ་ཡང་སྐྱེས་ཐལ།  དེ་ལས་ཀྱང་ཡ་མཚར་བ་ཞིག་ནི།   འདི་དག་གིས་རང་བཙན་རྩོད་ལེན་བྱེད་མཁན་རྣམས་ལ་ ྋགོང་ས་མཆོག་གི་བཀའ་ལ་རྒྱབ་འགལ་བྱེད་མཁན་ དང་དགྱ་མིའི་སོ་བ་” “འཆམ་མཐུན་དཀྲོགས་མཁན་དང་བོད་རིགས་ཁ་བྲལ་ལ་གཏོང་མཁན་སོགས་སྤྱོད་པའི་ཚིག་གི་མཚོན་ཆ་དེ་དག་ལྷག་བསམ་གཙང་པའི་ཕུ་ནུ་ཚོའི་ཕྱོགས་སུ་འཕངས་ཏེ་དམར་དམར་རྗེན་རྗེན་ལ་དམྱལ་བའི་མཐོང་ཆོས་སེམས་ཀྱིས་མྱོང་དུ་འཇུག་སྐབས་དམར་པོ་གཞུང་གིས་ང་ཚོའི་ཕ་ས་བཙན་འཕྲོག་བྱས་ཏེ་གཞིས་བྱེས་གཉིས་སུ་བཏང་བའི་བཙན་གནོན་དང་བརྙས་བཅོས་མྱོང་བཞིན་པའི་མི་རིགས་འདི་ད་ལྟ་གང་ཞིག་ལ་གནས་དགོས་ཡོད་དམ་སྙམ་པའི་རྟོག་སློང་ཞིག་ཁྱེད་ཚོར་སྐྱེས་པ་ཐེངས་གཅིག་ཙམ་ག་ལ་ཡིན།

འདི་ལྟར་ཆབ་སྲིད་མི་ཤེས་པའི་སྐབས་འཚོལ་བ་རྣམས་ཀྱིས་བཙན་བྱོལ་སྤྱི་ཚོགས་ལ་ཁ་ལོ་བསྒྱུར་སྐབས་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་ཞིག་གིས་《ང་ཚོའི་གླུད་ཚོགས་འདི་ལ་ག་རེ་བྱེད།》 ཟེར་བའི་སྙན་རྩོམ་དེའི་མདེའུ་ཁ་ནས་འབྲི་དགོས་བྱུང་པ་ཡང་སེམས་ཚོར་རྣོ་སོང་བའི་སྐྱོན་ཁོ་ན་ག་ལ་ཡིན།  དེ་བཞིན་ྋགོང་ས་མཆོག་གིས་ལམ་དབུ་མ་ཞེས་པའི་ཐབས་ལམ་ཞིག་སྟོན་དགོས་པ་ཡང་འུ་ཚོར་སྙིང་སྟོབས་དང་ཤེས་འཇོན་ཆེ་སོང་བས་མ་ཡིན་པར་སྔོན་གྱི་བཙན་པོའི་སྙིང་སྟོབས་ཀྱི་གཟི་ཤུགས་དང་དཔའ་སྟོབས་ཀྱི་དྲི་ཙམ་ཞིག་ཀྱང་བཙན་བྱོལ་ནང་འཚོལ་དཀའ་བའི་འུ་ཐུག་གི་སྐབས་ཐབས་ལམ་འདི་འདྲ་ཞིག་ཁོང་གི་བླ་མ་མེད་པའི་རྣམ་དཔྱོད་ཀྱིས་རྙེད་སོང་བ་ཡིན་སྐད། དེ་ལྟ་མ་ཡིན་པར་མི་རིགས་འདི་ཉིད་ཀྱི་རེ་བའི་འོད་སྣང་མཁའ་དབྱངས་ནས་མངོན་ཐུབ་ཡོད་ཚེ་ཁོང་གིས་ཀྱང་ལམ་འདི་འདྲ་ཞིག་ནམ་ཡང་མི་སྟོན་པ་ཁོ་བོར་ཡིད་ཆེས་མཐའ་གཅིག་ཏུ་ཡོད།  འདི་ནི་འུ་ཚོར་འདམ་ཀ་མེད་པའི་འདམ་ཀ་ཞིག་ཡིན་པ་ཁོང་གིས་སྔོན་ནས་མཁྱེན་ཡོད་ངེས།

མུ་འགོད་རྩོམ་ཡིག

Bookmark and Share

Leave a comment!

You must be logged in to post a comment.