རང་བཙན་ཚོགས་འདུ།
loading...

འདི་ལོའི་ཕྱི་ཟླ་༩ཚེས་༡ཉིན་ངེད་འོད་དཀར་དྲ་ཚིགས་ཀྱི་བཀོད་སྒྲིགས་འོག་རང་བཙན་ཚོགས་འདུ་ཞིག་ལྷོ་ཕྱོགས་སྦེབ་ཀེབ་དུ་འཚོགས།
ཚོགས་འདུ་འདིའི་སྟེང་བོད་མི་མང་སྤྱི་འཐུས་ལྔས་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ་མང་པོ་ཕེབ་ཐུབ་པ་མ་ཟད། རང་བཙན་འཐབ་རྩོད་པ་དང་ཆེད་གཉེར་དོ་སྣང་ཅན་སོགས་མི་གྲངས་ཉི་ཤུ་ལྷག་ཚོགས་ཞུགས་གནང་ཡོད། ཉིན་ གུང་ཆུ་ཚོད་༢ ནས་ཚོགས་འདུ་འགོ་བརྩམས་སྟེ་དུས་ཡུན་ཆུ་ཚོད་ལྔའི་རིང་གཤམ་གྱི་དོན་ཚན་༧ ་གྱི་བརྗོད་གཞིའ་སྟེང་བགྲོ་གླེང་དང་བསམ་ཚུལ་མང་པོ་གནང་གནང་སོང་།
༡༽ བོད་རང་བཙན་རྒྱལ་སྤྱིའི་ཁྲིམས་ཐོག་ནས་རྩོད་པར་མཐུན་རྐྱེན་གང་དགོས་སྐོར་ལ་གྲོས་བསྡུར་བྱ་རྒྱུ
༢༽ རང་བཙན་འཐབ་རྩོད་ཀྱི་ཁ་ཕྱོགས་དང་འཐབ་རྩོད་དམིགས་འབེན་སོགས་ཡིག་ཐོག་ནས་ཐོན་ཐུབ་པར་འབད་བརྩོན་བྱ་རྒྱུ།
༣༽ ཆོལ་གསུམ་གཅིག་གྱུར་གཞུང་ས་དགའ་ལྡན་ཕོ་བྲང་འོག་ཡོད་པའི་ལོ་རྒྱུས་དང་ཡིག་ཆ་ཁག་ཕྱོགས་བསྒྲིགས་བྱ་རྒྱུ།
༤༽ རང་བཙན་རྩོད་མཁན་གྱི་ཚོགས་སྡེ་དང་མི་སྒེར་མང་པོ་ཞིག་གི་ལས་འགུལ་གྱི་ནུས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་པ་ཡོང་བར་འབད་བརྩོན་བྱ་རྒྱུ།
༥༽ རྒྱལ་སྤྱིའི་བོད་རང་བཙན་གྱི་འབྲེལ་མཐུད་ཅིག་འཛུགས་པར་གྲོས་བསྡུར་གནང་རྒྱུ།
༦༽ ཕྱི་ལོ་༢༠༠༩ལོར་སིམ་ལར་བོད་རང་བཙན་ཚོགས་འདུའི་སྐབས་གྲོས་ཆོད་བཞག་པ་ལྟར། ༢༠༡༢ལོར་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་གྱི་ཡོངས་ཁྱབ་གསལ་བསྒྲགས་ གནང་ནས་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་གྲ་སྒྲིག་གི་ལས་གཞི་གཏན་ འབེབས་གནང་རྒྱུ།
༧༽ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་འདི་ནི་གཞིས་བྱེས་ གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་གཞུང་ཡིན་པར་འགྱུར་བ་ནམ་ཡང་མེད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཀྱང་བཙན་བྱོལ་གཞུང་འདི་ཉིད་བོད་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གཞུང་དུ་ངོས་འཛིན་འོང་བར་ཤུགས་སྣོན་བྱ་རྒྱུ་སོགས་ཀྱི་གྲོས་གཞི་ལ་བསམ་ཚུལ་དང་བགྲོ་གླེང་མང་དུ་གནང་སོང་།
ཚོགས་འདུ་འདིའི་སྐོར་ངེད་དྲ་ཚིགས་ཀྱི་རྩོམ་སྒྲིག་པ་ཤིང་བཟའ་རིན་པོ་ཆེ་ནས་འགྲེལ་བརྗོད་གནང་དོན།
ཚོགས་འདུ་འདིི་ཉེ་སྔོན་ང་ཚོས་ངྷ་རམ་ས་ལ་ནས་བོད་གཞུང་མང་ཚོགས་ཆེན་སྐབས་བསྟུན་ནས་ ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་རང་བཙན་རྩོད་མཁན་ཚོ་མཉམ་དུ་འཛོམས་ནས་རང་བཙན་ ཚོགས་འདུ་ཞིག་ཚོགས་ཐུབ་ན་ཡག་པོ་འདུག་ཅེས་པ་བཞིར་བཟུང་ནས་ཚོགས་པ་ཞིག་ཡིན་ལ། འཚོགས་འདུ་འདི་ལྷོ་ཕྱོགས་ལ་འཚོགས་པ་ཡིན་པས་ངེད་དྲ་ཚིགས་ཀྱི་ངོས་ནས་བཀོད་བསྒྲིགས་ གནང་ནས་དེ་རིང་ཉིན་གུང་རྒྱབ་ལ་ཚོགས་ཐུབ་པ་བྱུང་། བརྗོད་གཞི་གཙོ་བོ་དོན་ཚན་བདུན་གྱི་ཐོག་བགྲོ་གླེང་གནང་བ་ཡིན། དུས་ཡུན་ཆུ་ཚོད་ལྔ་ཙམ་རིང་བགྲོ་གླེང་ལྷུག་པོ་ཞིག་གནང་མ་ཐུབ་ཀྱང་། བརྗོད་གཞི་༧པ་དེ་ཚང་མས་གལ་ཆེན་པོ་ཞིག་གླེང་སོང་། དེ་ནས་ན་ནང་༢༠༠༩ལོ་ལ་སིམ་ལར་རང་བཙན་ཚོགས་འདུ་ཞིག་ཚོགས་པ་རེད་ལ། སྐབས་ དེར་གྲོས་ཆོད་གཙོ་བོ་ཞིག་པ་ནི་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་ ཡོངས་ཁྱབ་གསལ་བསྒྲགས་གནང་ནས་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་གནང་ རྒྱུའི་གྲོས་ཆོད་ཅིག་ཡོད་པ་དེ་རེད། ད་རེ་ཡང་དེའི་ཐོག་ལ་གོ་བསྡུར་ལྷུག་པོ་ཞིག་གནང་ཐུབ་སོང་བ་མ་ཟད། ཕལ་ཆེང་ང་ཚོས་བཀོད་སྒྲིག་བྱ་ཐུབ་པ་ཞིག་གི་སྒང་ལ་བཞགས་ཐུབ་སོང་།དེ་ཧ་ཅང་ཡག་ པོ་ཞིག་རེད་བསམ།དེ་བཞིན་དུ་ད་རེ་འདིའི་ནང་ན་མེད་པའི་བརྗོད་གཞི་གསར་བ་ཞིག་ ནི་བོད་རང་བཙན་ལས་འགུལ་ཐད་ཀྱི་མ་དངུལ་བསྡུ་སྟངས་ཐད་བསམ་ཚུལ་བྱུང་སོང་ལ། དེའི་ཐད་མི་རེ་རེ་ངོས་ནས་ཟླ་རེར་སྒོར་ལྔ་ལས་མེད་ནའང་དེ་འདྲ་ཞིག་འཛུགས་ཐུབ་ན་ཡག་པོ་འདུག་ཅེས་བསམ་ཚུལ་མང་པོ་སླེབས་བྱུང་། བརྗོད་གཞི་འདི་གཉིས་ཀྱི་ཐོག་མ་འོང་བ་ཡང་ཚོགས་འདི་ཞིག་བསྐུང་ན་གསལ་བོ་ཆགས་ཐུབ་པར་བསམ་སོང་།
གཙོ་སྐྱོང་པ་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱི་གཏམ་བཤད་གནང་དོན།
ད་རིང་འདིར་མ་འོང་བའི་བོད་རང་བཙན་འདོར་མི་འདོད་པའི་མི་མང་པོ་ཞིག་སླེབ་བསྡད་པ་ནི་དགའ་འོས་པ་ཞིག་རེད་ལ། ངས་ བལྟས་ན་ང་ཚོའི་སྤྱི་ཚོགས་ཁྲོད་བོད་རང་བཙན་རྩོད་པར་གཞན་ཕྱོགས་ནས་ལྟ་ཚུལ་དང་ བཤད་ཚུལ་ཙམ་ཡོང་བསྡད་པའི་གནས་ཚུལ་དེ་གནད་འགག་གཙོ་བོ་མ་རེད། དེ་བཞིན་དུ་གཞུང་ལ་སྐྱོན་བརྗོད་གནང་རྒྱུ་ཡང་གལ་ཆེན་མ་རེད། གཙོ་བོ་སོ་སོར་ལངས་ཕྱོགས་བརྟན་པོ་དགོས་པ་གལ་ཆེན་རེད་སོགས་ཀྱི་གལ་གནད་ཅན་ གྱི་གཏམ་བཤད་གསུངས་སྟེ་ཚོགས་འདུ་མཇག་བསྡུས་ནས་ཚོགས་ཞུགས་པ་རྣམས་ལ་དགོང་ མོའི་གསོལ་ཚིགས་ཕུལ་སྟེ་ཐེངས་འདིས་ཚོགས་འདུ་གྲོལ།
གསར་འགོད་པ་གཟུངས་ཕྱུག་སྐྱིད།
ངེད་དྲ་ཚིགས།
Popularity: 3%