རང་བཙན་མེད་ན་བོད་ལ་ཅི་ཡང་ཡོད་མི་སྲིད།
No Rangzen, No Tibet
loading...
བོད་པ་ནི་མཐོ་སྒང་གི་རི་རྩེ་ན་འཚོ་བའི་མི་རིགས་ཤིག་རེད་ལ། དེ་ཡང་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་འཚོ་བའི་སྣང་བརྙན། རང་ཆོས་ཀྱི་ས་དབྱིབས། སྐད་དང་རིག་གནས། ཁྲིམས་དང་ ལུགས་སྲོལ། ཟ་བཏུང་དང་གྱོན་པ། ཁང་པ་དང་ཆོས་ལུགས་སོགས་གང་ནས་བལྟས་ཀྱང་དགྱ་མི་རིགས་དང་ཐ་དད་ཡིན་པ་མིག་ལྡན་ སྐྱེ་བོ་རྣམས་ཀྱིས་མཐོང་ཆོས་སུ་གྱུར་ཡོད། ལྷག་པར་བོད་འདི་ཉིད་ལོ་ངོ་སྟོང་ཕྲག་སྔོན་ནས་བཟུང་རྒྱབ་ཁབ་ཅིག་ཡིན་པའི་ཁུངས་ ལྡན་ར་སྤྲོད་ལས་ལོ་ངོ་སྟོང་གཉིས་ཀྱི་བརྒྱུད་རིམ་ལྡན་པའི་རྒྱལ་བོ་རིམ་བྱུང་ གི་ཕུལ་དུ་བྱུང་བའི་ལོ་རྒྱུས་ལྡན་ཞིང་། དམག་དཔུང་དང་གཞུང་གི་སྟོབས་ཤུགས་ ནི་འཛམ་གླིང་ས་ཆེན་འདི་ལ་འགྲན་ཟླ་བྲལ་བའི་དུས་རབས་ཀྱང་བྱུང་མྱོང་ཡོད། ཉེ་བའི་ལོ་ངོ་བརྒྱ་ཕྲག་སྔོན་ནས་མི་རིགས་འདི་ལ་རང་གི་ཐུན་མོང་གི་མཚོན་དོན་ རྒྱལ་དར་དང་རྒྱལ་གླུ་ཡོད་པ་ནི་འཛམ་གླིང་ནང་ཆེས་སྔ་བའི་སྔོན་ཐོན་གྱི་རྒྱལ་ ཁབ་ཅིག་ཀྱང་ཡིན་པར་སྨྲ་ཆོག འདི་དག་ནི་ཁོ་བོའི་ཁ་བདེ་བོའི་སྨྲ་ལྕེ་ལས་བྱུང་བ་ཞིག་མ་ཡིན་པར་ཁུངས་ལྡན་ གྱི་ལོ་རྒྱུས་དང་བདེན་དབང་གི་རྒྱབ་བརྟེན་དག་ལས་གྲུབ་ཡོད་པ་རེད། འདི་ལས་ང་ཚོར་ཅི་ཞིག་མཚོན་ཐུབ་ཀྱི་ཡོད་ཟེར་ན། བོད་མི་ནི་གསོན་ན་མཐོ་སྒང་གི་རི་ཆུ་གཏེར་གསུམ་གྱི་བདག་པོ་ཡིན་ལ་ཤི་ན་མཐོ་ སྒང་གི་རི་ཆུ་གཏེར་གསུམ་གྱི་གཤིན་འདྲེ་ཡིན་པ་གསལ་བོར་མཚོན་ཐུབ། རྒྱལ་ཁབ་ཅིག་གི་ཐུན་མོང་གི་མཚོན་དོན་དེ་དག་རང་འགར་མེད་མི་སྲིད་ལ་གང་ཟག་ གཅིག་གིས་རང་འགར་མེད་པར་བཟོ་བའི་ཐོབ་ཐང་སུའང་མེད།
དེའི་ཕྱིར་བོད་ལ་རང་བཙན་མེད་ན་ཅི་ཡང་ཡོད་མི་སྲིད་ཅེས་ཁོ་བོས་བརྗོད་པར་འདོད།
ང་ཚོས་དེང་སྐབས་ཁ་ཡར་གྲགས་ལ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཅེས་བརྗོད་ ཀྱི་ཡོད་མོད། དོན་དངོས་ཐོག་ནས་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པ་ལ་རང་བཙན་ནི་མེད་དུ་མི་ རུང་བའི་གནས་ལུགས་དེ་ཉིད་ཀྱང་ཤེས་ཀྱིན་མི་འདུག གཤམ་དུ་རྒྱུ་མཚན་ལྔར་དབྱེ་ནས་རིག་གཞུང་སྲུང་སྐྱོབ་བྱེད་པར་རང་བཙན་གལ་འགངས་ ཆེ་བའི་སྐོར་བརྗོད་རྒྱུ་ཡིན་ལ། ཞར་བྱུང་དུ་ཉེ་བའི་ཐབས་ལམ་སྐོར་ཞིག་བརྗོད་འདོད་བྱུང་སོང་།
༡༽ རང་བཙན་ནི་སྐད་རིགས་སྲུང་སྐྱོབ་ཀྱི་རྩ་བ་ཡིན།
༢༽ གང་ཟག་སྒེར་གྱི་མངོན་འདོད།
༣༽ ཕྱི་བཤོལ་བྱེད་པ།
༤༽ དམངས་གཙོ་ལ་རེ་སྒུག་མེད།
༥༽ ཉམས་རྒུད་རུལ་སུངས།
༦༽ ༼ཞར་བྱུང་༽ཉེར་མཁོའི་ཐབས་ལམ།
གཅིག རང་བཙན་ནི་སྐད་རིགས་སྲུང་སྐྱོབ་ཀྱི་རྩ་བ་ཡིན།
ང་ཚོའི་སྐྱབས་བཅོལ་བྱེད་གཞིའི་རྒྱ་གར་གྱི་མངའ་སྡེ་ཁག་ལ་བལྟས་ནས་བརྗོད་ནའང་ རྒྱ་གར་ལ་སྐད་རིགས་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་ལས་ད་སྐབས་མངའ་སྡེ་སུ་གཅིག་གིས་ རང་གི་སྐད་རིགས་ཐོག་གཞུང་འཛིན་སྐྱོང་གནང་ཐུབ་མེད་པ་མཐོང་ཆོས་སུ་ཡོད་པ་འདི་ རེད། རང་སྐྱོང་གི་ཚད་གཞིའི་ཐད་ནས་བརྗོད་ན་རྒྱ་གར་གྱི་མངའ་སྡེ་ཁག་ལ་རང་ཉིད་ཀྱི་ མངའ་སྡེ་དེའི་འཛིན་སྐྱོང་གི་དབང་ཚད་ད་ལྟ་ང་ཚོས་བརྗོད་བཞིན་པའི་བོད་རང་ སྐྱོང་ལྗོངས་དེ་དག་ལྟ་བུ་ཡོད་ལ་མངའ་སྡེ་ཁག་ནས་རང་གི་སྐད་རིགས་སྲུང་སྐྱོབ་ ཆེད་ཐབས་ཤེས་སྣ་མང་གཏོང་གི་ཡོད་ཀྱང་ད་དུང་ཚད་ལྡན་ཞིག་གནས་ཐུབ་གི་མེད་པ་ནི་ ཧིན་སྐད་མི་ཤེས་ན་རྒྱ་གར་ནས་འཚོ་གནས་དཀའ་བ་ལྟར་བོད་ཀྱང་རང་སྐྱོང་ལྗོངས་ཞིག་ གི་གནས་བབ་ནས་བསྡད་ཚེ་དགྱ་སྐད་མི་ཤེས་ན་ཉིན་རེའི་ལྟོ་གོས་འཚོ་ཐབས་བྲལ་བའི་ མཐོང་ཆེས་ལས་རིག་གཞུང་སྲུང་སྐྱོབ་ནི་མིང་སྟོང་དུ་གནས་པ་ཙམ་མ་རེད་དམ། གལ་སྲིད་ང་ཚོ་དགྱ་ནག་འོག་རང་སྐྱོང་གི་གནས་བབ་ཞིག་རག་ཏུ་བཅུག་ཀྱང་།
རང་གི་སྐད་དང་རིག་གཞུང་དེ་འཛིན་སྐྱོང་རྣལ་མ་ཞིག་བྱེད་ཐུབ་ཀྱི་རེད་དམ། དེ་ ལྟར་འཛིན་སྐྱོང་བྱེད་པར་དགྱ་ནག་གིས་དོན་དངོས་ནས་མཐུན་རྐྱེན་ཡོད་ཚད་སྤྲོད་ ཀྱི་རེད་དམ། ད་དུང་དགྱ་མི་རིགས་བོད་ཀྱི་ས་ནས་ཕྱིར་འཐེན་བྱེད་ཐུབ་ཀྱི་རེད་དམ། གལ་སྲིད་འདི་དག་ལག་བསྟར་བྱུང་ན་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ ཐུབ་ཀྱི་རེད།
ཡིན་ཡང་འདི་དག་དགྱ་ནག་གི་འོག་ན་གནས་པའི་རང་སྐྱོང་ལྗོངས་ཤིག་ལ་མཚོན་ན་དཔེ་ མི་སྲིད་པ་ཞིག་རེད། དེ་ལྟར་མ་ཐུབ་ཚེ་ཆོས་དང་རིག་གཞུང་སྲུང་སྐྱོབ་ཅེས་བརྗོད་པ་ནི་ཁ་གཡང་ཙམ་ཞིག་ རེད། ང་ཚོས་མིག་གིས་མཐོང་བཞིན་པའི་ཧོང་ཀོང་གི་གནས་བབ་ནས་བསམ་གཞིགས་ཤིག་བྱེད་ཆོག་ གི་རེད་ལ། ཧོང་ཀོང་གི་ད་ལྟའི་ཆབ་སྲིད་ཀྱི་དབང་ཚད་ལ་ཉམས་ཞིབ་བྱེད་ཆོག་གི་ རེད།
དགྱ་ནག་གིས་ཧོང་ཀོང་ལ་སྤྲད་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ཡིག་ཆ་ དེ་དག་ལག་ལེན་ལ་བསྟར་ཐུབ་ཀྱི་མེད་པ་གསལ་བོ་རེད། མིག་གིས་མཐོང་ཆོག་ཆོག་གི་དཔེ་མཚོན་དེ་དག་ལ་ང་ཚོས་མིག་གིས་ལྟ་མི་ཐུབ་པ་གནད་ འགག་གང་ཞིག་ལ་ཐུག་ཡོད་པ་རེད། འདི་ནི་རྒྱལ་ཁབ་ཅིག་གི་ཆགས་འཇིག་གི་གནད་དོན་ཞིག་ཡིན་པ་ལས་ཁྱིམ་ཚང་གཅིག་གི་ གནད་དོན་མིན་ན།
བོད་མི་དག་གིས་གཟབ་ནན་གྱིས་རང་གི་ཐག་གཅོད་ལ་ཡང་ཡང་ལྟ་དགོས་ཀྱི་རེད།
གཉིས། གང་ཟག་སྒེར་གྱི་མངོན་འདོད།
ལོ་ངོ་སྟོག་ཕྲག་གི་རིང་ནས་བརྒྱུད་འོངས་པའི་བོད་ཀྱི་རྒྱལ་བོ་རིམ་བྱུང་གི་ལོ་ རྒྱུས་བརྒྱུད་རིམ་དེ་དག་ལ་ང་ཚོས་ ”འོ་ དེ་ནི་སྒྲུང་གཏམ་རེད་”བརྗོད་དགོས་པ་རེད་དམ། ཡང་ན་”རྫུན་རེད”་བརྗོད་དགོས་པ་རེད། ཤོག་ཐོག་གི་ཡིག་འབྲུ་ནག་པོ་དེ་དག་མེ་ལ་བསྲེག་དགོས་པ་རེད་དམ། ཡང་ན་ཆུ་ལ་ བསྐུར་དགོས་པ་རེད།
བོད་མི་དག་གིས་མངོན་འདོད་ནས་བོད་ཀྱི་རང་བཙན་རྩོད་དམ་རང་སྐྱོང་རྩོད་བརྗོད་ ན། ངས་མཐའ་གཅིག་ཏུ་རང་བཙན་རྩོད་ཅེས་སྐད་གཟེངས་མཐོན་པོས་བརྗོད་ངེས་ཡིན།
རྒྱུ་མཚན་ནི།
༡ ང་རང་གདོང་དམར་བའི་མི་བུ་རྣལ་མ་ཞིག་ཡིན་ཞིང་ངའི་གཟུགས་པོ་ལ་གདོང་དམར་བའི་ཁྲག་གིས་ཁྱབ་ཡོད།
༢ འདས་པའི་ལོ་ངོ་སུམ་ཅུའི་ཉམས་མྱོང་ལས་ང་ཚོས་དགྱ་དམར་ལ་གུས་བརྩི་ཅི་ཙམ་བྱས་ ཀྱང་གཞན་གྱིས་ཁྱེད་ལ་མྱི་ཞིག་གི་མཐོང་ནམ་ཡང་སྤྲད་མྱོང་མེད་པ་གསལ་བོ་ཡིན་ ཡང་། འུ་ཅག་གིས་ད་དུང་ལྐུགས་པའི་ཨུ་ཚུགས་བྱེད་དགོས་དོན་མེད།
༣ ལོ་རྒྱུས་ཀྱིས་ཁ་གྲགས་པའི་བདེན་དོན་ནི་ནམ་ཡང་བསུབ་མི་ཐུབ་པའི་གནས་ལུགས་ཀྱི་གནད་དམ་པ་དེའོ།
༤ བདེན་པའི་ཨུ་ཚུགས་ཞེས་པ་བདེན་དོན་ཞིག་གི་ཆེད་ཨུ་ཚུགས་བྱེད་པ་ལས་བདེན་ དོན་དང་གནས་ལུགས་མེད་པའི་གནས་ལུགས་ཤིག་གི་ཆེད་ང་ཚོས་ལོ་ཟླ་ཆུད་ཟོས་སུ་གཏོང་ མི་རུང་།
༥ བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་རྣལ་མ་ཞིག་བྱེད་དགོས་ན་ཅིས་ཀྱང་བོད་ལ་རང་བཙན་དགོས་པ་ཡིན།
གསུམ། ཕྱི་བཤོལ་བྱེད་པ།
དེ་སྔོན་རྒྱ་གར་གྱི་ཡང་དང་ཐོག་རང་བཙན་གྱི་སྐད་ཆ་བརྗོད་མེད་པར་རང་དབང་བརྩོད་ ལེན་བྱས་ཀྱང་མཐར་ཕྱི་ལོ་༡༨༨༥ལོར་རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་ཐེང་དང་པོ་ དེ་བྷོམ་བྷེ་ལ་ཚུགས་སྐབས་རྒྱ་གར་ཡོངས་གྲོས་ཚོགས་སུ་ཞུགས་ནས་རྒྱལ་ཁབ་རང་བཙན་ ལས་འགུལ་འགོ་རྩོམ་བྱས་ཡོད་པ་དེ་བཞིན། དང་པོ་རང་བཙན་རྩོད་ལེན་བྱས་མེད་ཀྱང་རིམ་གྱིས་རང་བཙན་ལ་ཕྱོགས་ནས་རང་བཙན་ཐོབ་ ཡོད་པའི་རྒྱལ་ཁབ་ཡང་གང་ཙམ་བྱུང་ཡོད་པ་ལྟར། ང་ཚོས་ཀྱང་ཉེ་བའི་ལོ་ངོ་གསུམ་ཅུའི་ལོ་ཟླ་ཕྱིར་འཐེན་བྱས་རང་བཙན་ལ་མང་མོས་ཐག་ གཅོད་ཀྱིས་གཅིག་གྱུར་གྱིས་བསྐྱོད་ནས་མདུན་བསྐྱོད་ཀྱི་ནུས་པ་གོང་མཐོར་འགྲོ་ དགོས། མྱི་ངན་ཁ་ཤས་ཀྱིས་འདི་ལྟར་རང་བཙན་བརྗོད་སྐབས་དབུ་མའི་ལམ་ཞེས་པའི་ཚིག་རྐང་ ཞིག་བཙན་གྱིས་ཁུར་འོང་ནས་དེ་ནི་༸གོང་ས་མཆོག་གི་ཐུགས་དགོངས་རྣལ་མ་དེ་ཡིན་པར་ འགྲེལ་བརྗོད་ཀྱིས་དེ་དང་འགལ་ན་རྩ་བའི་བླ་མ་དང་འགལ་བའི་འཁྱོག་བརྗོད་དེ་དག་ད་ མཚམས་གཅོད་པའི་དུས་སུ་སླེབས་འདུག ༸གོས་ས་མཆོག་གིས་བཀའ་སློབ་གསལ་བོ་གནང་ཡོད་པ་ནི་“ང་རང་གིས་ལམ་དབུ་མ་འདི་ལས་ ལྷག་པའི་ཐབས་ཤེས་རྙེད་མ་སོང་།
དེ་ཡང་འཐད་མི་འཐད་མང་མོས་ཐག་གཅོད་བྱེད་དགོས་པ་རེད་ལ་ལྷག་པར་བོད་ནང་གི་མངོན་ འདོད་གསལ་བོ་ཤེས་དགོས” ཞེས་གསུངས་གསལ་བོ་ཞིག་གནང་ཡོད་པ་དེ་དག་རྣ་བའི་གོ་ཡོད་ཀྱང་ཆུ་ནང་ལ་གཡུག་ རྐྱང་བྱས་པ་འདིས༸གོང་ས་མཆོག་གིས་ཐུགས་གི་དགོངས་པ་སྒྲུབ་ཀྱིན་མེད་པ་གསལ་བོ་ རེད། གང་ལྟར་ནང་ཁུལ་རྙོག་འཛིང་བྱེད་པའི་སྐད་ཆ་དེ་དག་མཚམས་འཇོག་བྱས་ཏེ། ང་ཚོས་སེམས་པའི་ནང་ལ་སེམས་པ་བཞག་ནས་ནང་ཁུལ་མཐུན་པོའི་ཐོག་ཐག་གཅོད་ཡག་པོ་ ཞིག་བྱེད་དགོས་ཀྱི་འདུག དགྱ་དམར་ལ་བློ་གཏད་ནས་གྲོས་བསྡུར་བྱེད་ཐུབ་ཀྱི་ཡོད་ན་བོད་ནང་ཁུལ་ལ་གྲོས་ བསྡུར་བྱེད་མི་ཐུབ་པ་འདི་ནི་འུ་ཅག་གི་རྒུད་རྐྱེན་ཚབས་ཆེན་ཞིག་རེད་ལ། འདི་ལྟར་མུ་མཐུད་ནས་སོང་ན་དགྱ་དམར་ལ་དགོས་པའི་ཕུགས་འདུན་དེ་ང་ཚོས་སྒྲུབ་ བཞིན་པ་གསལ་བོ་རེད། སྔོན་རྒྱ་གར་གྱིས་དབྱིན་ཡུལ་ལ་ཁ་གཏད་གཅོག་པའི་སྐབས་དེར་དབྱིན་ཡུལ་ནི་འཛམ་ གླིང་སྟེང་སྟོབས་ཆེན་ཁོ་ན་དེ་ཡིན་པ་གསལ་བོ་རེད་མོད། ཁོང་རྣམས་ཀྱིས་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་རང་གི་རྒྱལ་ཁབ་རྩོད་ལེན་བྱས་ ནས་མཐར་རང་བཙན་ཐོབ་པ་ནི་ང་ཚོས་ལྟ་དགོས་པའི་གནས་ལུགས་ཁོ་ནའོ། གང་ཞིག་ སྟོབས་ཆེན་ཡིན་པ་གལ་ཆེན་པོ་མ་ཡིན་པར་གང་རྩོད་ལེན་བྱེད་པའི་མི་རིགས་དེ་ཉིད་ ལ་ཁོ་ཚོར་ཁ་གཏད་གཅོག་པའི་སྙིང་སྟོབས་དང་ཕུགས་འདུན་ཡོད་མེད་གལ་ཆེན་པོ་ཡིན། དེ་ཡང་མི་རིགས་དེ་ཉིད་ཀྱི་རྩོད་ལེན་ཞེས་པ་ནི་ཡང་དག་པའི་སྣེ་ཁྲིད་མཁན་ལ་རག་ ལས་ཀྱི་ཡོད་ན། ང་ཚོ་བོད་པ་ཚང་གི་ཡང་སྣེ་ཁྲིད་མཁན་རྣམས་ཀྱིས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ མདུན་བསྐྱོད་ཀྱི་གོམ་ཁ་འདི་ཉིད་དཀའ་ཁག་དང་སྡུག་བསྔལ་ལ་མ་འཛེམ་པར་བསྐྱོད་ ཐུབ་ན། མི་རིགས་འདི་ཉིད་དེའི་རྗེས་སུ་བསྐྱོད་ངེས་ཡིན་པ་ཁོ་བོར་ཡིད་ཆེས་བརྟན་པོ་ ཡོད། དེ་མིན་བདག་ལྟ་བུའི་བྱིས་པ་ཁ་ཤས་ནས་སྐད་འབོད་རེ་བྱས་པ་ནི་ནམ་ཡང་བྱིས་པའི་ ངང་ཚུལ་ཞིག་ལ་བརྩི་བ་འདི་ཡང་གདོང་དམར་བའི་མི་གཤིས་ཀྱི་གཅོང་ནད་ཅིག་ཡིན་པ་ སྔོན་ནས་བརྗོད་ཟིན།
གོང་དུ་ཁོ་བོས་བརྗོད་པའི་རྒྱ་གར་དཔེ་མཚུངས་སུ་བཀོད་པ་དེ་དག་ཁ་ཅིག་གིས་སྐབས་ དེར་དབྱིན་ཇིའི་འོག་རྒྱ་གར་ཡོད་ཀྱང་མི་རྣམས་ཀྱིས་རྒྱ་གར་རྒྱལ་ཁབ་ཅིག་ཡིན་པ་ ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ཟེར་ན། འོ་ན་འུ་ཅག་གིས་རང་བཙན་གྱི་འབོད་སྒྲ་འཛམ་གླིང་སྟེང་མ་སྒྲོག་པར་ངོས་འཛིན་མི་ བྱེད་པ་སུ་ཞིག་གིས་ཤེས་ཀྱི་རེད།
འབད་བརྩོན་ལ་མ་བརྟེན་པའི་འགྲུབ་འབྲས་ཤིག་ཡོང་མི་སྲིད་པ་མ་རེད་དམ། ང་ཚོས་འཛམ་གླིང་མི་དམངས་ལ་ལོ་རྒྱུས་ཀྱི་བདེན་དཔང་དང་དངོས་བྱུང་གི་གནས་ཚུལ། དགྱ་མི་རིགས་དང་བོད་མི་རིགས་གཉིས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་གང་ནས་བལྟས་ ཀྱང་ཐ་དད་ཡིན་པ་གསལ་བོར་ཤེས་བར་བྱེད་དགོས། གདོང་དབྱིབས་གཅིག་པ་ཙམ་གྱིས་རྒྱལ་ཁབ་གཅིག་ཡིན་དགོས་ན་ཉི་ཧོང་ཡང་དགྱ་ནག་གི་ མངའ་ཁུངས་ཡིན་དགོས་པ་རེད་དམ། དེ་འདྲ་མིན་པ་ཤེས་བཞིན་དུ་འབད་བརྩོན་མི་བྱེད་པར་གྲུབ་འབྲས་མེད་པ་ཇི་ལྟར་ ཤེས་སམ།
བཞི་བ། དམངས་གཙོ་ལ་རེ་སྒུག་མེད།
མྱི་མང་པོ་ཞིག་གིས་དགྱ་ནག་ དམངས་གཙོ་ཅན་ལ་བསྒྱུར་ན་བོད་ལ་རེ་ལ་ཆེན་པོ་ཞིག་ ཡོད་པར་འདོད་བཞིན་པ་ནི་ནོར་འཁྲུལ་ཁོ་ནའོ། ང་ཚོས་གཞུང་གིས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་བརྗོད་ནས་རང་བཙན་གྱི་ཐ་ སྙད་མེད་པར་མུ་མཐུད་ནས་བསྐྱོད་ན། དགྱ་ནག་དམངས་གཙོ་ཅན་ལ་བསྒྱུར་པའི་ཉིན་མོ་ནི་བོད་ཀྱི་ཡོད་ཚད་ཤོར་ལ་ཉེ་བའི་ འགོ་བརྩམས་པ་རེད། སྐབས་དེར་ང་ཚོ་ལ་གོ་སྐབས་གང་ཡང་ཡོད་མི་སྲིད། ང་ཚོས་རང་དབང་མེད་པ་བརྗོད་དམ་ཡང་ན་འགྲོ་བ་མྱིའི་ཐོབ་ཐང་གླེང་གི་ཡིན། གང་ཡང་གླེང་གཞི་མེད་པ་ཆགས་ཀྱི་ཡིན་པ་གསལ་བོར་མཐོང་ཆོས་སུ་གྲུབ་བཞིན་པ་ རེད། དེ་དུས་གཞི་ནས་གཞུང་གིས་ཁ་ཕྱོགས་བསྒྱུར་ནས་རང་བཙན་རྩོད་ལེན་བྱས་ན་ དོན་དངོས་ནས་༸གོང་ས་མཆོག་གི་གདོང་ཆུ་ལ་བྱུག་པ་རེད་ལ།
བོད་མི་ནི་ཁ་དོན་ཚིག་ལ་མི་གནས་པའི་མངོན་ལྐོག་གཉིས་ནས་ལས་ཀ་བྱེད་པའི་འཛམ་ གླིང་མི་རིགས་ཀྱིས་འཕྱ་ཡུལ་ཞིག་ཏུ་ཆགས་ངེས་ལ། མ་འོངས་པར་འུ་ཅག་གི་རིགས་རྒྱུད་དག་གིས་མགོ་བོ་ཡར་འདེགས་ཏེ་སྤོབས་པ་ཆེན་པོས་ བདེན་དོན་གླེང་བའི་མདུན་ལམ་ཡོངས་སུ་བཅད་ཟིན་པ་མ་ཡིན་ནམ། དེས་ན་གོ་སྐབས་ཡོད་སྐབས་འདིར་ང་ཚོས་འཛམ་གླིང་མི་མང་གི་མདུན་ནས་ང་ཚོེར་ཅི་ ཞིག་དགོས་ཀྱི་ཡོད་པ་དང་། ང་ཚོའི་ཅི་ཞིག་ཤོར་ཟིན་པ། ང་ཚོ་ཅི་ཞིག་ལས་ཐ་དད་ཡིན་པ། ད་ལྟ་ང་ཚོའི་མི་རིགས་ཀྱིས་མྱོང་བཞིན་པའི་ སྡུག་བསྔལ་དང་། རང་བྱུང་གཏེར་ཁ་སྔོག་འདྲེན་བྱེད་པའི་གནས་ཚུལ་གསལ་བོ་བཟོ་རྒྱུ་གལ་འགངས་ཆེན་ པོ་རེད། རང་བྱུང་ཁོར་ཡུག་གི་གཏེར་ཁ་དག་གིས་ང་ཚོ་ལ་ཁ་མ་གྲགས་ཀྱང་ང་ཚོས་རང་གི་ས་ནས་ ཐོན་པའི་གཏེར་ཁ་དག་རང་གི་ཡིན་པར་བརྗོད་མི་ཐུབ་པ་ཅི་ཞིག་ཡིན་ནམ།
ལྔ་བ། ཉམས་རྒུད་རུལ་སུངས།
དགྱ་ནག་ཞེས་ཅི་ཙམ་བརྗོད་ཀྱང་དེ་ནི་དམར་པོ་སྲིད་གཞུང་ཁོ་ནས་བཟུང་ཡོད་པ་གསལ་ བོ་ཡིན་ན། དེང་སྐབས་གཞུང་འཛིན་མི་སྣ་དེ་དག་གིས་རང་གི་དབང་ཤུགས་དང་། སྲིད་འཛིན་གསར་ རྙིང་གཉིས་ཀྱི་ཕྱོགས་གཏོགས་བར་རྩོད་རྙོག་དང་གཅིག་གྱུར་གྱི་མཐུན་སྒྲིལ་ཡོང་ དཀའ་བའི་དུས་སྐབས་འདི་ནི་ང་ཚོའི་གོ་སྐབས་ཆེ་ཤོས་ཤིག་རེད། ཉེ་བའི་ཆར་དགྱ་ནག་ གིས་༢༠༡༢ལོའི་གཞུང་འཛིན་མི་སྣ་འདེམས་ཕྱོགས་དེ་ལས་ཁོ་ཚོའི་ཚ་རླབས་འཕྱུར་བའི་ ནང་ཁུལ་གྱི་རྙོག་འཛིང་དག་ཕྱིར་མངོན་བྱས་ཡོད་ལ། ད་དུང་མོའོ་ཀྲུས་ཞི་ཁྲི་ ལོར་ཤོག་ཟེར་བ་སོགས་ཀྱི་སྐད་འབོད་དེ་དག་གིས་དགྱ་ནག་ནང་ཁུལ་ལ་གླེང་སློང་ཆེ་ བའི་ཆབ་སྲིད་ཀྱི་འགུལ་ཤུགས་གལ་ཆེན་ཞིག་ཆགས་ཡོད། འདི་ནི་ཏིན་ཞོ་ཕིན་གྱི་རང་ལུགས་བཅུ་མེད་པར་བཟོ་བའི་ཐབས་ཤེས་ཞིག་ལ་བརྩི་ བཞིན་པའི་དམར་པོའི་གཞུང་འཛིན་རྣམས་ཀྱི་གཅིག་གིས་གཅིག་ལ་ཐེར་འདོན་དང་དགག་ རྒྱག་གི་ལྐོག་བྱུས་དེ་དག་དང་། བོད་དང་ཞིན་ཅིང་། དགྱ་ནག་དམངས་གཙོ་རྩོད་ལེན་པ་དང་རྩ་རླུང་རྒྱུད་འཛིན་པ། པེ་ཅིན་ནས་དམར་གསོད་བཏང་བའི་སློབ་མ་དག་གི་ཨ་མའི་ཚོགས་པ། ད་དུང་ཉིན་རེ་ནས་ལས་ཤོར་ལ་འགྲོ་བཞིན་པའི་སློབ་ཆེན་སློབ་མ་དག་གི་ཞེ་འཁོན་ དང་། ལྐོག་ཟ་རུལ་སུངས་ཀྱིས་ཁེངས་ཡོད་པས་གཞུང་འཛིན་མི་སྣ་དེ་དག་གི་བྱེད་ཕྱོགས་ལ་ མི་དམངས་འདོད་བློ་མེད་པའི་དུས་སྐབས་འདི་ནི་ང་ཚོས་རང་བཙན་བརྩོད་ལེན་བྱེད་པར་ ཐོབ་དཀའ་བའི་གོ་སྐབས་གལ་ཆེན་ཞིག་རེད་ལ། དེ་བཞིན་ཕྱི་རྒྱལ་མང་པོ་ཞིག་གིས་ཀྱང་དངོས་སུ་ཅི་ཡང་བརྗོད་ཀྱི་མེད་མོད། དོན་ལ་དགྱ་ནག་ལ་མི་འཐད་པའི་སྣང་ཚུལ་གང་མང་མཐོང་རྒྱུ་ཡོད་ན། དགྱ་ནག་ནང་ ཁུལ་གཡོ་འགུལ་རང་བཞིན་ཅན་དུ་ཆགས་ན་སུ་གཅིག་གིས་ཀྱང་དོན་དངོས་ཐོག་ནས་དགྱ་ནག་ ལ་རོགས་པ་བྱེད་རྒྱུ་མ་རེད་ལ། དགྱ་ནག་ནང་ཁུལ་གྱི་དམག་དཔུང་དག་ཀྱང་གཅིག་གྱུར་གྱི་མཐུན་ལམ་ཁག་པའི་སྣང་ཚུལ་ དག་དང་བསྟུན་ན་ང་ཚོས་ཀྱང་རང་བཙན་གྱི་དར་ཆ་མཐོ་རུ་འདེགས་པའི་དུས་སྐབས་ཤིག་ གལ་ཆེན་ཞིག་ཡིན་པར་འདོད།
གལ་སྲིད་གོ་སྐབས་འདི་དག་དམ་འཛིན་གྱིས་ང་ཚོས་གང་མྱུར་རང་བཙན་རྩོད་ལེན་མ་བྱས་ ན། དགྱ་དམར་གྱིས་ང་ཚོའི་རང་བྱུང་གི་གཏེར་ཁ་རྩ་ཆེན་དག་ཡོངས་སུ་སྐྱེལ་འདྲེན་བྱས་ ནས་བོད་ལ་གང་ཡང་མེད་པའི་དུས་སྐབས་ཤིག་བཟོས་ན། རང་བཙན་ཐོབ་ཀྱང་འུ་ཅག་རང་བྱུང་ཁམས་འདིའི་དགྲ་བོ་ཆགས་ཚར་བ་རེད་ལ་མི་རིགས་ ཤིག་གི་བརྗོད་མི་ཚར་བའི་གཟི་འོད་འབར་བའི་དོན་དངོས་ཀྱི་བདེན་དོན་དེའི་གཤེད་ མ་ཆགས་པ་མ་ཡིན་ནམ། ལྷག་དོན་མ་འོངས་པའི་བུ་རབས་ཚ་རྒྱུད་དག་གིས་གང་ཞིག་ལ་ བརྟེན་ནས་འཚོ་བ་རོལ་དགོས་པ་རེད་དམ། གདོང་དམར་བུའི་བུ་རྒོད་དག་ནམ་ཡང་མཐོ་སྒང་ན་གནས་ཀྱང་མཐོན་པོར་འགྲོ་མི་ཐབས་ མེད་པའི་ཉེན་འཕྲང་གི་ལམ་ཁ་ཞིག་ང་ཚོས་བསྐྲུན་པ་མ་རེད་དམ།
དྲུག་པ། ༼ཞར་བྱུང་༽ཉེར་མཁོའི་ཐབས་ལམ།
རང་བཙན་ལེན་ཐབས་སུ་ཇི་ལྟར་འབད་པའི་ཉེར་མཁོའི་ཐབས་ལམ་ཁག་ཅིག
༡༽ གཞུང་གི་ལངས་ཕྱོགས་རང་བཙན་ལ་བསྐྱོད་རྒྱུ།
༢༽ ད་སྐབས་ཀྱི་ཉི་མ་འཁྱོལ་ཐབས་བྱེད་པའི་འཛིན་སྐྱོང་གི་སྣང་ཚུལ་རྨང་ནས་མེད་པ་བཟོ་རྒྱུ།
༣༽ ཕྱི་གླིང་ཡུལ་གྲུ་ཁག་ན་ཡོད་པའི་ཤེས་ཡོན་པ་དག་ལ་གོ་གནས་དང་གླ་ཕོགས་གང་མཐོ་སྤྲད་དེ་ཚུར་བསྡུ་རྒྱུ།
༤༽ ཕྱི་འབྲེལ་དང་དྲིལ་བསྒྲགས་ཤུགས་ཆེར་གཏོང་རྒྱུ།
༥༽ དགྱ་ནག་སྐོར་ལ་ཆེད་ལས་ཉམས་ཞིབ་པ་འཛུགས་རྒྱུ།
༦༽ འཐབ་རྩོད་ཁོ་ནར་ཕྱོགས་པའི་ཚོགས་སྡེ་ཞིག་བཙུགས་ནས་དེ་དང་གཞུང་འབྲེལ་མིན་པའི་ ཚོགས་པ་ཁག་མཉམ་རུབ་ཀྱིས་འཐབ་རྩོད་འདྲ་མིན་སྤེལ་ནས་དགྱ་དམར་ལ་སུན་པོ་བཟོ་ རྒྱུ།
༧༽ སྔོན་དགྱ་ནག་ལ་བཤད་པའི་དབུ་མའི་ལམ་གྱི་སྐད་ཆ་ཡོངས་སུ་ཕྱིར་འཐེན་བྱེད་པའི་གསལ་བསྒྲགས་གལ་ཆེན་གནང་རྒྱུ།
༨༽ བོད་དོན་ཆེད་མཁས་པ་ཕྱོགས་བསྡུ་བྱས་ཏེ་མ་འོངས་རང་བཙན་རྩོད་ལེན་གྱི་འཆར་འགོད་གསལ་ཞིང་བརྟན་པ་ཞིག་བཟོ་རྒྱུ།
༩༽ ཞིན་ཅིང་ཐེ་བའི་དགྱ་དམར་ལ་མི་དགའ་བའི་མི་དམངས་དང་རྒྱལ་ཁབ་ཁག་ལ་དམིགས་བསལ་གྱིས་མཉམ་འབྲེལ་བྱེད་ཐབས་སུ་འབད་རྒྱུ།
༢༠༠༩་ ༡༠ ༡༥ ཉིན་བྲིས།
Popularity: 7%